ས་ཡོམ་བརྒྱབ་རྗེས་ཀྱི་མཚན་མོ་དང་པོར་སྦྲ་ཆེན་ཡོམ་ཁུལ་དུ་རླངས་འཁོར་གྱི་གློག་སྒྲོན་ཁྲ་ལྷམ་མེར་འཕྲོ་བ།
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཐབ་ས་དང་པོའི་འཕྲིན་སྤེལ་ཚོགས་ཆུང་གིས།
ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་མི་རྣམས་གཉིད་ལས་དཀྲོག ཡོམ་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཟིན་པ་དང་། ཡོམ་ལྟེའི་སྤྱི་ལེ་5ཡི་ཁྱབ་ཁོངས་སུ་ཆ་སྙོམས་ས་བབ་སྨི་4864ཙམ་ཟིན་གྱི་ཡོད།
བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་གསར་འགོད་པ་ཁག་བཞིར་བགོས་ནས་གནོད་འཚེ་ཕོག་པའི་འཐབ་ས་དང་པོར་བསྐྱོད་ཅིང་། ལམ་བར་དུ་གནོད་འཚེ་ཕོག་ཚུལ་དང་ཉེན་སེལ་གུད་སྐྱོབ་ཀྱི་གནས་ཚུལ་འདྲི་བ་དང་ཞིབ་བསྡུར་བྱས་པ་རེད།
གངས་ཆེན་ཤང་སྲིད་གཞུང་གི་གཞུང་ལས་ཁང་གི་གྱང་ལ་སེར་ཁ་གས་པ་དང་། དམར་རུ་ཤང་རྒྱུད་ཀྱི་འབྲོག་པ་སྡོད་སའི་ས་ཕག་ཁང་པ་བརྡིབས་པ། ཡོམ་ཁུལ་དུ་སྐྱོད་སའི་འགྲོ་ལམ་གས་པ། རི་ལྡེབས་ནས་བྱེ་རྡོ་ཟམ་མི་ཆད་པར་ལྷུངས་བ་སོགས། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་13བར་མི་16རྐྱེན་ལམ་དུ་ཤོར་བ་དང་། མི་76ལ་རྨས་སྐྱོན་ཕོག་པ། དུད་ཚང་339ཡི་ཁང་པ་བརྡིབས་པ་དང་ཕྱུགས་ཚང་20ལ་གཏོར་སྐྱོན་ཕོག་ཡོད།
ལམ་བར་དུ་མྱུར་སྐྱོབ་རླངས་འཁོར་དང་། མེ་གསོད་རླངས་འཁོར། ཟོག་འདྲེན་རླངས་འཁོར། རིམ་ཁག་བཀོད་འདོམས་རླངས་འཁོར་བཅས་ཀྱི་གློག་འོད་ཀྱིས་ས་མཐོའི་གྲང་ངར་ཆེ་བའི་མཚན་མོའི་ཚེ་སྲོག་གི་བགྲོད་ལམ་རབ་ཏུ་གསལ།
“ས་ཡོམ་བརྒྱབ་རྗེས། ང་ཚོས་ཉེན་སེལ་རྗེས་གྲབས་རུ་ཁག་དང་པོའི་མི་230སྒྲིག་འཛུགས་བྱས་ནས་ཡོམ་ཁུལ་དུ་བསྐྱོད་དེ་རྒྱལ་ལམ་317གྱི་གནོད་འཚེ་ཕོག་པའི་ལམ་དུམ་ནས་སྦྲ་ཆེན་རྫོང་དམར་རུ་ཤང་བར་གྱི་གཞུང་ལམ་ཚང་མ་གཙང་སེལ་བྱས་པས་བདེ་བླག་ངང་ཤར་གཏོང་ཐུབ་ཡོད། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་8དང་སྐར་མ་15ལ། བོད་རང་སྐྱོང་ལྗོངས་གཞུང་ལམ་བྱ་གཞག་འཕེལ་རྒྱས་ལྟེ་གནས་ཀྱི་ཤར་གཏོང་འགན་ལེན་མི་སྣས་ཤར་གཏོང་རགས་ཙམ་བྱས་རྗེས། རྗེས་གྲབས་རུ་ཁག་གཉིས་པའི་འཕྲིན་གཏོང་རླངས་འཁོར་དང་། གློག་ཁུངས་རླངས་འཁོར། གློག་སྒྲོན་རླངས་འཁོར། བཟའ་བཏུང་རླངས་འཁོར་བཅས་སྒུག་བཞིན་ཡོད་པ་རེད།
དམར་རུ་ཤང་གེ་ཆེན་རྒལ་གྲོང་ཚོ་དང་སྐམ་ལུང་རྒལ་གྲོང་ཚོ་ནི་ད་ཐེངས་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོ་གཉིས་རེད། གྲོང་ཚོ་དེ་གཉིས་སུ་སྐྱོད་སའི་ལམ་བར་དུ་ལམ་རྒྱུད་ཀྱི་ཡུལ་མིས་སྒྲིག་འཛུགས་ལྡན་པའི་སྒོ་ནས་ཉེན་གཡོལ་བྱས་པས་སྒྲིག་ལམ་ཧྲིལ་པོ་གོ་རིམ་ལྡན་པ་ཞིག་ཡོད།
དམར་རུ་ཤང་ཀོང་ཆེན་མདའ་གྲོང་ཚོའི་ཡུལ་མི་བསྟན་འཛིན་ཚེ་འཕེལ་གྱིས། “མིག་སྔར་གྲོང་ཚོའི་ཁང་པར་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དང་གྲོང་ཚོའི་ལམ་དུམ་ཁག་གཅིག་ལའང་གཏོར་སྐྱོན་ཕོག་ནས་བཀག་སྡོམ་བྱས་ཡོད”ཅེས་བརྗོད།
མིག་སྔར། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། རོགས་སྐྱོབ་སྟོབས་ཤུགས། གཞི་རིམ་རྩ་འཛུགས་བཅས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱས་ནས་ནུས་ཤུགས་ཡོད་རྒུས་ལས་དོན་སྤེལ་བཞིན་ཡོད་པ་དང་། གུར་དང་། ཕོ་ཁེབས། བཟའ་བཅའ། འཐུང་ཆུ་སོགས་དངོས་ཟོག་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་དང་། དྲོད་ལེན་དང་། བཟའ་བཏུང་། སྨན་བཅོས་སོགས་ཀྱི་ཞབས་ཞུ་ཡང་དུས་གཅིག་ཏུ་སྤེལ་བཞིན་ཡོད་པ་རེད། གྲོང་གསེབ་ཀྱི་ལས་བྱེད་པ་དང་རོགས་སྐྱོབ་མི་སྣ་དུད་ཚང་རེ་རེར་འཚམས་འདྲིར་བསྐྱོད་དེ་རྒན་རྒོན་དང་། བྱིས་པ། རྨས་མ་བཅས་ལ་གཙོ་གནད་ཐོག་ལྟ་རྟོག་ཡག་པོ་བྱས་པ་དང་། མང་ཚོགས་ལ་གནས་སྐབས་བཀོད་སྒྲིག་བྱེད་ས་ཡོད་པ་དང་། ལྟོ་ཆས་ཚ་པོ་བཟའ་རྒྱུ་ཡོད་པ། འཐུང་ཆུ་གཙང་མ་འཐུང་རྒྱུ་ཡོད་པ། ནད་གཞི་ཕོག་ཚེ་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་བཅས་ཀྱི་འགན་ལེན་ཧུར་ཐག་བྱེད་བཞིན་ཡོད།
འབྲེལ་ཡོད་འགན་སྲུང་ལས་དོན་རྒྱུན་མཐུད་ངང་སྤེལ་བཞིན་ཡོད་པ་རེད།
གྲང་ངར་ཆེ་བའི་མཚན་མོ་ཇི་ལྟར་རིང་ཡང་རླངས་འཁོར་གྱི་གློག་སྒྲོན་ནམ་ཡང་འབར་སྲིད། ཡོམ་ཁུལ་དུ་འཕྱུར་བཞིན་པའི་དུ་བ་ནི་ཚེ་སྲོག་གི་ཆེས་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།