གེགས་ཁུལ་གྱི་བྱིས་པ་མཚན་གུང་དུ་གཉིད་སྐྱིད་པོ་ཁུག་རྒྱུ་བྱུང་དོན་གང་ཡིན།
ཀྲའོ་རུའེ་དབྱང་།
ཟླ་10ཚེས་22ཉིན་གྱི་མཚན་གུང་དུ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ། ས་མཐོར་གྲང་རླུང་འུར་འུར་ལྡང་སྐབས“ས་ཡོམ་བརྒྱབ་པའི་མཚན་མོ་དེར་ཕྲུ་གུ་གུར་ནང་གཉིད་སྐྱིད་པོ་ཁུག་པའི”བརྙན་ཐུང་ཞིག་སྨྱན་སྦྱོར་བརྒྱུད་དྲ་རྒྱ་ཡོངས་ལ་ཁྱབ་ནས་ཀུན་གྱིས་དོ་ཁུར་བྱུང་ཡོད།
ལྷིང་འཇགས་ཀྱི་རྣམ་པ་དེ་ནི་ཕྱོགས་ཁག་གི་འཕྲལ་སྡོམ་རོགས་སྐྱོབ་སྟོབས་ཤུགས་འཁོར་སྐྱོད་ནུས་ལྡན་བྱས་པ་དང་མི་ཡུལ་ལ་བརྩེ་བ་ཟབ་མོས་ཁེངས་པའི་འབྲས་བུ་ཞིག་རེད། དེ་ནི་གེགས་རྗེས་བཀོད་སྒྲིག་གོ་རིམ་ལྡན་པ་བྱས་པའི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད་ལ། “མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བའི”ཆེས་བབ་ཆགས་ཀྱི་མཚོན་ཚུལ་ཞིག་དེ་བས་རེད།
རང་བྱུང་གནོད་འཚེའི་མདུན་དུ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་གང་ནས་བྱུང་བ་ཡིན་ནམ་ཟེར་ན། དེ་ནི“ཐོག་མར་ས་ཡུལ་དངོས་སུ་འབྱོར་བའི”མྱུར་ཚད་དང་། “ནམ་མ་ལངས་གོང་ནས་བཀོད་སྒྲིག་བྱས་པའི”ལས་ཕྱོད། མང་ཚོགས་ལ་རང་ཉིད་གྲོགས་མེད་ཁེར་རྐྱང་མིན་པའི་ངེས་ཤེས་རྙེད་པ་བཅས་ལས་བྱུང་བ་ཞིག་རེད། ས་ཡོམ་བརྒྱབ་རྗེས་དགོས་མཁོ་ཆེ་ཤོས་ནི་སྡོད་གནས་བརྟན་པོ་ཞིག་དང་། གྱོན་གོས་དྲོ་པོ་ཞིག གློག་སྒྲོན་དང་ཁ་ལག་ཚ་པོ་ཞིག སྨན་བཅོས་རོགས་སྐྱོབ་ཅིག་བཅས་རེད། ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ཏེ་འཕྲལ་མ་ཉིད་དུ་གུར་ཕུབ་ནས། བཀོད་སྒྲིག་བྱ་ཡུལ་མགྱོགས་ནས་མྱུར་དུ་བེད་སྤྱོད་ཐུབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་རྒྱབ་རྟེན་ཡོད་པར་བྱས་ཡོད།
མིག་སྔར། གནོད་འཚེ་ཕོག་ཚབས་ཆེ་བའི་དམར་རུ་ཤང་དུ་བཀོད་སྒྲིག་བྱ་ཡུལ་18བསྐྲུན་ཟིན་པ་དང་། དེ་བྱིངས་ཀྱི་བཀོད་སྒྲིག་ས་ཚིགས་སྐྲུན་བཞིན་པའི་སྒང་རེད། བཀོད་སྒྲིག་གུར་གྱིས་ས་མཐོའི་གྲང་རླུང་འགོག་ཐུབ་པ་མ་ཟད། གནོད་འཚེ་ཕོག་པའི་མང་ཚོགས་ལ་གནས་སྐབས་ཀྱི་བདེ་འཇགས་སྲུང་བཅད་བསྐྲུན་ནས་མི་རྣམས་ཀྱི་སེམས་ཀྱི་རྨ་ཁ་དེ་བས་གསོ་ཐུབ།
ལས་ཕྱོད་ཆེ་བའི་བཀོད་སྒྲིག་ནི་གོམ་པ་དང་པོ་དེ་རེད། མིག་སྔར་ཡོམ་འཕྲོ་དང་ཞོར་ཐོན་གནོད་འཚེར་དམིགས་ནས་ཆུ་མཁོ་འདོན་དང་། གློག་མཁོ་འདོན། སྨན་བཅོས་རིམས་འགོག ཆ་འཕྲིན་ཡོངས་བསྒྲགས། དམིགས་བསལ་ཚོགས་སྤྱིར་ལྟ་རྟོག་བཅས་སྔར་བཞིན་བྱེད་དགོས་ཀྱི་ཡོད།
འཐབ་ས་མདུན་མ་གོ་རིམ་ལྡན་པ་ཞིག་བྱུང་ན། རྒྱབ་ཕྱོགས་གཞི་ནས་བློ་བདེ་པོ་ཡོང་ཐུབ། ཐག་གཅོད་ཇི་ལྟར་མགྱོགས་ན་མི་སེམས་དེ་ཙམ་གྱིས་ལྷོད་ལ་བབས་ཐུབ། གུར་ནང་དུ་གཉིད་སྐྱིད་པོ་ཁུག་ཐུབ་པ་ནི་ལས་ཕྱོད་ཆེ་བའི་རྒུད་སྐྱོབ་ལ་ལན་ནུས་ལྡན་བཏབ་པ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།