དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་སྦྲ་ཆེན་ས་ཡོམ་གྱི་གེགས་སེལ་དངོས་རྫས་གཅིག་རྗེས་གཉིས་མཐུད་ངང་བསྡུ་རུབ་དང་རྨས་མ་གོ་རིམ་ལྡན་པའི་ངང་སྐྱོབ་བཅོས་ཐུབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-26

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་24ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་24ཉིན་གྱི་ཆུ་ཚོད་11བར། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིས་བཀོད་སྒྲིག་བྱས་པའི་གེགས་སེལ་དངོས་རྫས་ཁག་52450བོད་ལྗོངས་སྦྲ་ཆེན་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་དབོར་བ་དང་། རིམ་ཁག་རོགས་སྐྱོབ་མི་སྣ་2500ལྷག་ཙམ་གྱིས་ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བྱེད་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གེགས་སེལ་དངོས་རྫས་དེ་དག་ནང་གུར་4651དང་། སྒྲིག་ཁང་2000 སྲིང་བལ་སྟོད་གོས་2250 ཉལ་ཁྲི་11772 སྲིང་བལ་ཉལ་ཆས་5715 ལྕགས་ཐབ་2227 སྲིང་བལ་མལ་གདན་10133 སྲིང་བལ་གོས་ཐུང་1800 དམག་མིའི་ལྭ་རིང་6070 ཀམ་པ་ལི་296 སྲིང་བལ་ལྷམ་1000 ཕྱུ་པ་694སོགས་ཚུད་ཡོད་པ་རེད། གཞན་ཡང་མི་མེད་གནམ་གྲུ་ཆེ་གྲས་1ས་གནས་ས་ཐོག་ཏུ་འབྱོར་ཡོད།

    རོགས་སྐྱོབ་སྟོབས་ཤུགས་དུས་གཅིག་ཏུ་བསྡུ་རུབ་བྱས་པ་དང་མིག་སྔར་གནོད་འཚེ་ཕོག་ཁུལ་དུ་བཀོད་སྒྲིག་ས་ཚིགས་35བཙུགས་ཡོད། སྦྲ་ཆེན་རྫོང་གིས་མི་1600ལྷག་ཙམ་མངགས་པ་དང་། ནག་ཆུ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི་347དང་། འཚོལ་སྐྱོབ་རྫི་ཁྱི་15 རླངས་འཁོར་82བཅས་བཏང་བ། ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལས་བྱེད་ཉེན་རྟོག་པ་530དང་རླངས་འཁོར་100སོགས་མངགས་པ་ཚང་མ་གནོད་འཚེ་ཕོག་ཁུལ་དུ་འབྱོར་བ་རེད།

    རྨས་མ་76ཚང་མར་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་སྐྱོབ་བཅོས་ཐུབ་པ་རེད། དེའི་ནང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་11ཡོད་པ་ལས་མི་5རྨས་སྐྱོན་ཡང་བའི་ཁོངས་སུ་བསྒྱུར་ཟིན་པ་དང་། དེ་བྱིངས་མི་6ལས་མི་3ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། མི་1བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ། མི་1བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)དུ་སྨན་བཅོས་བྱེད་པར་བསྐྱལ་བ། མི་1ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་བཅས་རེད།

    གཞན་ཡང་། ཚེས་24ཉིན། གསར་འགོད་པར་སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་ནས་ཤེས་རྟོགས་བྱུང་བར། སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་གིས་འཕྲལ་དུ་བརྡ་ལན་དང་ལེན་བྱས་ཏེ་འཕྲལ་སྡོམ་རོགས་སྐྱོབ་སྔོན་ཇུས་ལག་ལེན་བསྟར་ནས་སྨན་བཅོས་རུ་ཁག་བཙུགས་པ་རེད། ཚེས་24ཉིན་གྱི་ཞོགས་པའི་ཆུ་ཚོད་6པ་ཙམ་ལ་སྨན་བཅོས་རུ་ཁག་ཁྲེང་ཏུའུ་ནས་ཐོན་ཏེ་འབྲེལ་ཡོད་སྨན་བཅོས་དངོས་རྫས་ཁྱེར་ནས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་སྨན་བཅོས་རོགས་སྐྱོབ་ལས་དོན་སྤེལ་བར་བསྐྱོད། དེ་གར་འབྱོར་རྗེས་སྨན་བཅོས་རུ་ཁག་གིས་ས་ཡོམ་ཁྲོད་ཀྱི་རྨས་མར་སྨན་བཅོས་རོགས་སྐྱོབ་བྱེད་པ་དང་ཆབས་ཅིག ས་གནས་ས་ཐོག་གི་འབྲེལ་ཡོད་སྨན་བཅོས་འགན་ལེན་ལས་དོན་ཡག་པོ་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུ་རེད།

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་མི་16རྐྱེན་ལམ་དུ་ཤོར་བ་དང་མི་76ལ་རྨས་སྐྱོན་ཕོག་ཡོད། ཟླ་10ཚེས་24ཉིན་གྱི་ཆུ་ཚོད་9དང་སྐར་མ་45བར། སྦྲ་ཆེན་རྫོང་གི་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་ཡོམ་འཕྲོ་ཐེངས་834བརྒྱབ་པ་དང་། མིག་སྔར་གནོད་འཚེ་ཕོག་ཁུལ་གྱི་སྨན་བཅོས་སྐྱོབ་བཅོས་དང་འཕྲོད་བསྟེན་རིམས་འགོག་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་དང་། ཡོམ་འགོག་གེགས་སེལ་ལས་དོན་ཁག་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།