དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཐབ་ས་དང་པོར་རོགས་སྐྱོར་བྱེད། སེམས་ཤུགས་བསྒྲིལ་ནས་སྲུང་སྐྱོང་བྱེད།

    —— ཕྱོགས་ཁག་གི་སྟོབས་ཤུགས་ས་ཡོམ་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-26

    ཟླ་10ཚེས་22ཉིན་གྱི་དགོང་མོར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པར་ཚང་མས་སེམས་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཕྱོགས་ཁག་གི་རོགས་སྐྱོར་སྟོབས་ཤུགས་ཀྱིས་འཕྲལ་དུ་གེགས་ཁུལ་ལ་མི་དང་དངོས་ཟོག་བཀོད་སྒྲིག་བྱས་ཏེ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་ལག་གདང་སྦྲེལ་ནས་ཉེན་སེལ་རོགས་སྐྱོབ་དང་སྐབས་འཕྲལ་བཀོད་སྒྲིག་གི་ལས་དོན་ཁག་ལ་ཞུགས་པ་རེད།

    རོགས་སྐྱོབ་རུ་ཁག་འཕྲལ་མར་མངགས་པ།

    ས་ཡོམ་བརྒྱབ་རྗེས་བོད་ལྗོངས་མེ་གསོད་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གིས་སྦྲ་ཆེན་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་སྔོན་སྐྱོད་སྟོབས་ཤུགས་ཏེ་རླངས་འཁོར་2དང་མི་13འཕྲལ་མ་ཉིད་དུ་ཡོམ་ལྟེར་མངགས་ནས་མྱུལ་ཞིབ་འཚོལ་སྐྱོབ་ལས་དོན་སྤེལ་བ་དང་ཆབས་ཅིག ས་ཁོངས་བརྒལ་བའི་ས་ཡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་ལག་ལེན་བསྟར་ནས་སྤྱི་ཁྱབ་རུ་ཁག་གི་ལས་སྒྲུབ་བཀོད་འདོམས་པུའུ་དང་། ནག་ཆུ། ཆབ་མདོ། སྦྱོང་བརྡར་འགན་སྲུང་། དམིགས་བསལ་ལས་སྒྲུབ། གཞིས་རྩེ་བཅས་ཀྱི་ལས་སྒྲུབ་སྟོབས་ཤུགས་ཁྱོན་རླངས་འཁོར་72དང་། མི་332 རྫི་ཁྱི་15བཅས་ས་གནས་ས་ཐོག་ཏུ་སྐོང་བསྡུ་བྱས་པ་དང་། ལྷ་ས་དང་ལྷོ་ཁའི་ཉིང་ལག་རུ་ཁག་གི་རླངས་འཁོར་19དང་། མི་110 རྫི་ཁྱི་4བཅས་རུབ་འཛོམས་བྱས་ནས་བཀའ་སྒུག་ཡོད་པ་རེད།

    བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་སྦྲ་ཆེན་རྫོང་སྤྱི་བདེ་ཅུས་ཀྱི་དམིགས་བསལ་ཉེན་རྟོག་དང་། འགྲིམ་འགྲུལ་ཉེན་རྟོག དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས། དམར་རུ་ཤང་དང་གངས་ཆེན་ཤང་གི་མངགས་གཏོང་ཁང་།ནག་ཆུའི་གྲོང་ཁྱེར་དང་རྫོང་སྤྱི་བདེ་ལས་ཁུངས་བཅས་ཀྱི་ཉེན་རྟོག་པ་300ལྷག་ཙམ་འཕྲལ་མ་ཉིད་དུ་ཡོམ་ལྟེར་མངགས་ནས་ཉེན་སེལ་རོགས་སྐྱོབ་དང་། བདེ་འཇགས་སྐོར་གཡེང་། སྔོན་འགོག་ཚོད་འཛིན་བཅས་བྱས་པ་དང་སྦྲགས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཚོར་བདེ་འཇགས་ས་ཁོངས་སུ་བསྐྱོད་དེ་ཉེན་གཡོལ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    བོད་དམག་ཁུལ་ཁང་ནག་ཆུ་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་98དང་རོགས་སྐྱོབ་སྒྲིག་ཆས་དང་དངོས་ཟོག་བླུགས་པའི་རླངས་འཁོར་6མཚན་མོ་དེ་རང་དུ་ཡོམ་ཁུལ་ལ་མངགས་པ་རེད།

    རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལྷ་ས་དང་། ལྷོ་ཁ། ཆབ་མདོ་བཅས་གྲོང་ཁྱེར་གྱི་མྱུར་སྐྱོབ་རླངས་འཁོར་15འཕྲལ་མ་ཉིད་དུ་གནོད་འཚེ་ཕོག་ཁུལ་ལ་མངགས་ནས་རོགས་སྐྱོབ་ལས་དོན་སྤེལ་བ་དང་རླངས་འཁོར་རེར་སྨན་པ་1དང་། སྨན་གཡོག་1 མྱུར་སྐྱོབ་སྨན་རྫས་བཅས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ད་དུང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་རིགས་གཅིག་མཁས་ཅན་4ཡང་གནོད་འཚེ་ཕོག་ཁུལ་དུ་སྨན་བཅོས་སྲོག་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་ཡོད་པ་རེད། གཞན་ཡང་། རང་སྐྱོང་ལྗོངས་སྨན་ཁང་གི་རིགས་གཅིག་མཁས་ཅན་7དང་། སྒུལ་བདེའི་CTརླངས་འཁོར་1 མྱུར་སྐྱོབ་རླངས་འཁོར་1དང་དེ་བཞིན་འཕྲལ་སྡོམ་སྨན་རྫས་བཅས་གེགས་ཁུལ་དུ་བཏང་བ་རེད། དེ་དང་དུས་མཚུངས་ཁྲག་འགན་སྲུང་འཕྲལ་སྡོམ་དང་ལེན་བྱེད་འགོ་ཚུགས་ཏེ། ཐག་ཉེ་ས་ནག་ཆུ་གྲོང་ཁྱེར་ནས་མྱུར་སྐྱོབ་རླངས་འཁོར་24འཐེན་པ་དང་། སྨན་པ་དང་། སྨན་གཡོག སྨན་རྫས་བཅས་ཀྱི་ཆེད་ལས་ལག་རྩལ་མི་སྣ་80དང་། འཕྲོད་བསྟེན་རིམས་འགོག་མི་སྣ་16 ཁྲག་འགན་སྲུང་མི་སྣ་2བཅས་སྦྲ་ཆེན་དུ་རོགས་སྐྱོབ་ལས་དོན་སྤེལ་བར་མངགས་ནས། རིགས་354ཡི་འཕྲལ་སྡོམ་སྨན་བཅོས་སྨན་རྫས་5283དང་། རིགས་87གྱི་མྱུར་སྐྱོབ་སྒྲིག་ཆས་དང་གྲོན་རྫས་9352 རིགས་10ཡི་རིམས་འགོག་འཕྲལ་སྡོམ་འགོག་ཟོན་དངོས་ཟོག་732གནོད་འཚེ་ཕོག་ཁུལ་དུ་བསྐྱལ་བ་རེད།

    ཤར་གཏོང་འགག་སྒྲོལ་བྱས་ནས་མཉམ་ཤུགས་གཅིག་ཏུ་བསྒྲིལ་བ།

    ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་འཕྲལ་དུ་རིམ་པ་གཉིས་པའི་འཕྲལ་སྡོམ་དང་ལེན་བྱེད་འགོ་བཙུགས་ཏེ། སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་བསྐྱོད་པ་རེད། ཚེས་23ཉིན་གྱི་ཆུ་ཚོད་10དང་སྐར་མ་30བར། ས་ཡོམ་གྱིས་རྐྱེན་པས་ཞབས་ཞུ་མཚམས་འཇོག་བྱས་པའི་སྦྲེལ་ཚུགས་ཚང་མ་སླར་གསོ་བྱས་ནས་འཕྲིན་གཏོང་ཞབས་ཞུའི་ནུས་པ་ས་ཡོམ་མ་བརྒྱབ་གོང་གི་ཆུ་ཚད་དུ་སླེབས་པར་བྱས་ཡོད།

    རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་འགྲིམ་འགྲུལ་ལས་གྲྭ་འཛུགས་སྐྲུན་ཚན་པ་དང་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་ཉེན་སེལ་ཤར་གཏོང་འགན་སྲུང་འཕྲུལ་ཆས་76དང་མི་སྣ་230ལྷག་ཙམ་བཏང་སྟེ། རྒྱལ་ལམ་109ཡི་ཨ་མདོ་ནས་ལྷ་ས་བར་གྱི་ལམ་དུམ་དང་། ཞིང་ཆེན་ལམ་206གི་འདམ་གཞུང་རྫོང་ཁོངས་ཀྱི་ལམ་དུམ། ཞིང་ཆེན་ལམ་301གི་སྦྲ་ཆེན་རྫོང་ཁོངས་ཀྱི་ལམ་དུམ་བཅས་ལ་གྲལ་བཤེར་བྱས་ཟིན་པ་རེད།

    རྒྱལ་ཁབ་གློག་དྲས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་སྒྲིག་འཛུགས་བྱས་ཏེ་འཕྲལ་མ་ཉིད་དུ་འཕྲལ་སྡོམ་གློག་གཏོང་འགན་སྲུང་མི་སྣ་212བསྡུ་རུབ་བྱས་ཤིང་། དེའི་ནང་མི་57མཚན་མོ་དེ་རང་དུ་ས་གནས་ས་ཐོག་ཏུ་འབྱོར་བ་དང་། ལས་སྒྲུབ་རླངས་འཁོར་38དང་འབྲིང་གནོན་དང་དམའ་གནོན་གློག་གཏོང་རླངས་འཁོར་15བཏང་བ། གློག་སྒྲོན་དང་། མི་མེད་གནམ་གྲུ། སྲུང་སྐར་འཕྲིན་གཏོང་སོགས་ཀྱི་འཕྲལ་སྡོམ་སྒྲིག་ཆས་70ལྷག་ཙམ་བཀོད་སྒྲིག་བྱས་པ། གློག་ཤུགས་འགན་སྲུང་དངོས་ཟོག་སྣ་ཚོགས་གྲ་སྒྲིག་ཚགས་ཚུད་པོ་བྱས་ནས། གནོད་འཚེ་ཕོག་ཁུལ་གྱི་གློག་གཏོང་འགན་སྲུང་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱས་པ་རེད།

    རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་འཕྲལ་མ་ཉིད་དུ་སྦྲག་སྲིད་དང་། ཧྲུན་ཧྥུང་། ཏེ་པང་སོགས་ཁེ་ལས་སྒྲིག་འཛུགས་བྱས་ཏེ་རླངས་འཁོར་30ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་དུ་འགན་སྲུང་དངོས་ཟོག་སྐྱེལ་འདྲེན་བྱེད་པར་བཏང་བ་དང་། མིག་སྔར་སྦྲག་སྲིད་མྱུར་སྐྱེལ་རླངས་འཁོར་གྱིས་རྒུད་སྐྱོབ་དངོས་ཟོག་རླངས་འཁོར་18སྐྱེལ་འདྲེན་བྱས་པ་དང་། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས་ཁག་གིས་འཕྲལ་སྡོམ་རླངས་འཁོར་78དང་མི་166ལས་གྲུབ་པའི་དང་བླངས་འཕྲལ་སྒྲུབ་རུ་ཁག་སྤྱི་འདོམས་གྲ་སྒྲིག་བྱས་ཟིན་པ་རེད།

    ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཉིས་པའི་བདག་སྐྱོང་ཀུང་སིས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་བཀོད་སྒྲིག་སྔོན་ཇུས་ལག་ལེན་བསྟར་ཞིང་། ལས་བྱེད་ལས་བཟོ་68སྒྲིག་འཛུགས་བྱས་ཏེ་ཤུགས་རྐྱེན་ཐེབས་པའི་ལམ་དུམ་དུ་བསྐྱོད་ནས། ཁོངས་གཏོགས་ཁུལ་གྱི་ལམ་དུམ་དང་ཟམ་པར་ལེབ་བཤེར་རྣམ་པའི་སྐོར་ཞིབ་ཞིབ་བཤེར་བྱས་པ་དང་། གཙོ་གནད་ཁུལ་གྱི་ལམ་ལྕགས་དང་། ལམ་གཞི། ཟམ་པ། ཕུག་ལམ་བཅས་ལ་རེ་རེ་བཞིན་ཞིབ་དཔྱད་ལྟ་བཤེར་བྱས་ནས། ལྕགས་ལམ་གྱི་མ་ལམ་བདེ་འཇགས་ཤར་གཏོང་ཐུབ་པར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་རེད།

    ཕྱོགས་བཞི་མཚམས་བརྒྱད་ནས་དངོས་ཟོག་འཕྲལ་དུ་བསྡུས་པ།

    ས་ཡོམ་བརྒྱབ་རྗེས། རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པས་འཕྲལ་དུ་རྒུད་སྐྱོབ་དངོས་ཟོག་ཁག་དང་པོ་སྟེ། སྲིང་བལ་གྱི་གུར་དང་། ཉལ་ཁྲི། ཕོ་ཁེབས། དྲོད་ཐབ། འཕྲོད་བསྟེན་ཁུག་མ། ཁྱིམ་ཚང་མུག་སྐྱོབ་ཁུག་མ། སྲིང་བལ་གྱི་ཏ་དབྱི། ཆར་རླུང་འགོག་གོས་བཅས་ཁྱོན་2672སྤྲད་པ་དེ་དག་ཟླ་10ཚེས་23ཉིན་གྱི་སྔ་དྲོར་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་བ་དང་། ལས་དོན་རུ་ཁག་མངགས་པ་དང་འབྲེལ་བཟའ་བཏུང་འགན་སྲུང་རླངས་འཁོར་ཡང་གནོད་འཚེ་ཕོག་ཁུལ་དུ་བཏང་ནས། རྒུད་སྐྱོབ་ལས་དོན་སྤེལ་བར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ། བོད་ལྗོངས་དགུ་དགུ་དགུ་ཛ་དྲག་མྱུར་སྐྱོབ་ལྟེ་གནས་དང་འཕྲལ་དུ་མཉམ་འགུལ་ཐོག་ས་མཐོའི་རོགས་སྐྱོབ་དང་མྱུར་སྐྱོབ་ཀྱི་ཆེད་ལས་རུ་ཁག་མཚན་མོ་དེ་རང་དུ་གནོད་འཚེ་ཕོག་ཁུལ་ལ་མངགས་པ་རེད།

    ཟླ་10ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཆེད་དོན་ཚོགས་འདུ་འཚོགས་ནས་འཕྲལ་སྡོམ་དང་ལེན་ལམ་སྲོལ་ལག་ལེན་བསྟར་བ་དང་། སྦྲ་ཆེན་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ(སྤྱི་ཁྱབ་བཟོ་ཚོགས)ལ་རྒུད་སྐྱོབ་ཆེད་དོན་མ་དངུལ་སྒོར་ཁྲི་100སྤྲོད་རྒྱུའི་གཏན་འཁེལ་བྱས་པ་མ་ཟད། དུས་མཚུངས་སུ་ཀྲུང་གོ་ལས་བཟོ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱི་བོད་ལྗོངས་འཕེལ་རྒྱས་ཞབས་ཞུའི་ཐེབས་རྩའི་དངུལ་སྒོར་ཁྲི་100གནོད་འཚེ་ཕོག་པའི་ལས་བཟོ་མང་ཚོགས་དང་འཐབ་ས་དང་པོའི་གེགས་སེལ་མི་སྣར་འཚམས་འདྲི་བྱེད་པར་བཏང་ནས། ཉེན་སེལ་རྒུད་སྐྱོབ་དང་དེ་བཞིན་གེགས་རྗེས་ཀྱི་རོགས་སྐྱོར་ལས་དོན་ལ་རམ་འདེགས་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནོད་འཚེ་ཕོག་ཚུལ་ལ་དོ་ཁུར་དམ་ཟབ་བྱས་ཤིང་། ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་དང་པོ་ཙམ་ལ་རྐང་འཛིན་པའི་སྟོབས་ཤུགས་འཕྲལ་དུ་སྐོང་འཐེན་བྱས་ཏེ་རྒུད་སྐྱོབ་དངོས་ཟོག་ཚོགས་ཆུང་གི་ལས་དོན་ནང་ཞུགས་ནས་གནོད་འཚེ་ཕོག་ཁུལ་དུ་རྒུད་སྐྱོབ་དངོས་ཟོག་བརྒྱུད་འདྲེན་གྱི་འགན་འཁུར་དུ་བཅུག་པ་རེད།

    མངའ་རིས་ས་ཁུལ་གྱིས་སྒེར་རྩེ་རྫོང་འཕྲལ་སྡོམ་རྒུད་སྐྱོབ་གྲབས་གསོག་དངོས་ཟོག་མཛོད་ནས་ས་ཁུལ་རིམ་པའི་འཕྲལ་སྡོམ་རྒུད་སྐྱོབ་དངོས་ཟོག་སྤྲོད་རྩིས་ཡོད་པ་དང་། འཆར་གཞི་ལྟར་ན་རིགས་6གི་འཕྲལ་སྡོམ་དངོས་ཟོག་2800གཏོང་སྤྲོད་བྱ་རྒྱུ་ཡིན་པ་དང་། དེའི་ནང་ཕོ་ཁེབས་900དང་། སྲིང་བལ་གྱི་ཏ་དབྱི་500 ཉལ་གདན་550 ལག་ཁྱེར་གློག་ཞུ་150 ལྕགས་ཐབ་50 སྲིང་བལ་གྱི་ཞྭ་མོ་650ཚུད་ཡོད་པ་དང་། འཆར་གཞི་ལྟར་ན་བཟའ་འབྲུ་ཁག་3སྤྲོད་རྒྱུ་ཡིན་ཞིང་དེའི་ནང་འབྲས་ཏུན་7དང་། ལུག་མགོ་གྲངས་38 འབྲི་གཡག་མགོ་གྲངས་4བཅས་ཚུད་ཡོད་པ་རེད།

    ལྷོ་ཁར་གཞུང་ལམ་ལས་གྲྭའི་ཨར་སྐྲུན་ལས་ལ་ཞུགས་པའི་ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་པས་འཕྲལ་མ་ཉིད་དུ་ལས་སྒྲུབ་མི་སྣ་སྐོང་འཐེན་བྱས་ཏེ་ལྷ་སར་འཛོམས་ནས་མི་37ལས་གྲུབ་པའི་ཉེན་སེལ་འཕྲལ་སྒྲུབ་རུ་ཁག་སྒྲིག་འཛུགས་བྱས་པ་དང་། ཚེས་23ཉིན་གྱི་སྔ་དྲོར་སྒྲིག་ཁང་50ཡི་རྒུད་སྐྱོབ་དངོས་ཟོག་བསྡུ་རུབ་བྱས་ཟིན་པ་དང་། གློག་འདོན་འཕྲུལ་འཁོར་དང་། གུར། སྲིང་བལ་གྱི་གྱོན་གོས། ཕོ་ཁེབས། གཏེར་ཆུ། སྟབས་བདེའི་ཐུག་པ་སོགས་ཀྱི་རོགས་སྐྱོབ་དངོས་ཟོག་ཁག་500ཉོ་སྒྲུབ་བྱས་ནས་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་བ་རེད།

    ཀྲུང་གོ་ཧྭ་གློག་ཏང་ཙུའུ་ཡིས་འཕྲལ་དུ་དམག་མིའི་ཏ་དབྱི་200དང་། དམག་མིའི་ཕོ་ཁེབས་400 སྟབས་བདེའི་ཐུག་པ་སྒམ་500 གཏེར་ཆུ་སྒམ་500སོགས་ཀྱི་རོགས་སྐྱོབ་དངོས་ཟོག་ཉོ་སྒྲུབ་བྱས་ཏེ་གནོད་འཚེ་ཕོག་ཁུལ་དུ་བསྐྱལ་ནས། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་དང་དེ་བཞིན་འཐབ་ས་དང་པོའི་ཉེན་སེལ་མི་སྣའི་དགོས་མཁོ་འགན་ལེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།