དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “ཀྲུང་གོའི་མྱུར་ཚད”ཀྱིས་བྱང་རྩྭ་ཐང་བསྲུངས་པ།

    —— བོད་ལྗོངས་སྦྲ་ཆེན་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་ཆུ་ཚོད་24ཡི་ནང་ཡོམ་འགོག་གེགས་སེལ་བྱས་པའི་དངོས་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-26

    བོད་ལྗོངས་ཉིན་རེའི་ཚགས་པར་གྱི་འཐབ་ས་དང་པོའི་འཕྲིན་སྤེལ་ཚོགས་ཆུང་གིས།

    ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ཙམ་ལ། བྱང་རྩྭ་ཐང་ནས་མི་སེམས་སྐྱོ་དགོས་པའི་གནས་ཚུལ་ཞིག་ཐོས་པ་སྟེ། ས་ཡོམ་རིམ་པ་7.0བརྒྱབ་ནས་མི་སྣ་ཤི་རྨས་དང་། ཁང་པ་བརྡིབས་པ། འགྲོ་ལམ་ལ་གཏོར་སྐྱོན་ཕོག་པ། ནོར་ལུག་ཉེན་ཁར་གྱར་བ་རེད།

    གནོད་འཚེ་ནི་བཀའ་རྒྱ་དང་དུས་ཚོད་ནི་ཚེ་སྲོག་རེད།

    རིམ་ཁག་འཕྲལ་སྡོམ་ལམ་སྲོལ་གྱིས་འཕྲལ་མར་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེའི་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པ་ནས་གསུམ་པར་སྤར་བ་དང་། རང་བྱུང་གནོད་འཚེའི་རོགས་སྐྱོབ་རིམ་པ་བཞི་པ་ནས་གསུམ་པར་སྤར་ཡོད། བོད་ཀྱིས་ས་ཡོམ་གྱི་གནོད་འཚེའི་རིམ་པ་གཉིས་པའི་འཕྲལ་སྡོམ་བརྡ་ལན་དང་རང་བྱུང་གནོད་འཚེའི་རོགས་སྐྱོབ་ཀྱི་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་འགོ་ཚུགས་པ་རེད།

    དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ཚེ་སྲོག་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཅིག་ཡངས་ཤིང་རྒྱ་ཆེ་བའི་བྱང་རྩྭ་ཐང་དུ་རྒྱག་འགོ་ཚུགས་པ་རེད།

    དུས་ཐུང་ཆུ་ཚོད་24ཡི་རིང་རིམ་ཁག་བཀོད་གཏོང་བཀའ་རྒྱར་བརྡ་ལན་མྱུར་པོ་ཞུས་ནས་ཕྱོགས་ཁག་གི་སྟོབས་ཤུགས་མགྱོགས་མྱུར་བསྡུ་རུབ་དང་། མི་སྣ་འཚོལ་སྐྱོབ། རྨས་མ་སྐྱོབ་བཅོས། སྒྲིག་བཀོད་མྱུར་བཟོ། མང་ཚོགས་བཀོད་སྒྲིག ཉེན་ཁའི་གནས་ཚུལ་ལ་གྲལ་བཤེར། རིམས་ནད་སྔོན་འགོག་དང་དུག་སེལ་བཅས་བྱས་པ་རེད།

    ཆ་སྙོམས་ས་བབ་སྨི་4800ཟིན་པའི་སྦྲ་ཆེན་རྫོང་གི་གེགས་ཁུལ་ནས་ཡོམ་འགོག་གེགས་སེལ་ཐད་མི་རྣམས་ཧང་སངས་དགོས་པའི“ཀྲུང་གོའི་མྱུར་ཚད”དང་གཞོམ་ཞིག་བྲལ་བའི“ཀྲུང་གོའི་སྟོབས་ཤུགས”སླར་ཡང་མངོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་ཕྱོགས་ཁག་གི་སྟོབས་ཤུགས་ཀྱིས་གེགས་ཁུལ་ལ་རོགས་སྐྱོར་བྱས་པ།

    གེགས་ཁུལ་གྱི་གནས་ཚུལ་གང་འདྲ་ཡིན་མིན་ཐད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་དོ་ཁུར་དང་ཐུགས་ཁུར་ཟབ་མོ་གནང་ནས། “མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པའི”བླང་བྱ་བཏོན་གནང་ཞིང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་དང་བླང་བྱ་བཏོན་གནང་ཡོད།

    བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་བ་དང་འཕྲལ་མར་དང་ལེན་ཞུས་ཡོད། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་5000མགྱོགས་མྱུར་གཏོང་སྤྲོད་བྱས་པ་དང་།རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་ཁྲི་3000མགྱོགས་མྱུར་བཀོད་སྒྲིག་བྱས་པ། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་ཞུས་ཏེ་ཉར་བའི་དོ་དམ་ཏང་དངུལ་ནས་བོད་ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་2500སྤྲད་པ། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་གེགས་སེལ་མ་དངུལ་སྒོར་ཁྲི་300མགྱོགས་མྱུར་སྤྲད་ནས་གེགས་སེལ་ལས་དོན་ལ་མ་དངུལ་གྱི་རྨང་གཞི་འགན་ལེན་བརྟན་པོ་བྱས་ཡོད།

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཀརྨ་ཚེ་བརྟན་འཕྲལ་མ་ཉིད་དུ་རང་སྐྱོང་ལྗོངས་བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ་རུ་ཕེབས་ནས་བཀོད་གཏོང་གནང་བ་དང་། དེ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་མཚན་མོ་དེ་རང་ལ་གེགས་ཁུལ་གྱི་འཐབ་ས་དང་པོར་ཕེབས་ནས་ཡོམ་འགོག་གེགས་སེལ་ལས་དོན་ལ་བཀོད་འདོམས་གནང་བ་རེད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གིས་གེགས་སེལ་མ་དངུལ་སྒོར་ཁྲི་7000སྤྲད་ནས་དངོས་ཟོག་དང་སྒྲིག་ཆས་སྣ་ཚོགས་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞི་ཡིས་བཀོད་གཏོང་བྱས་པའི་སྒྲིག་ཁང་དང་། གུར། ཕོ་ཁེབས། ལྕགས་ཐབ་སོགས་གེགས་སེལ་དངོས་པོ་གེགས་ཁུལ་དུ་གཅིག་རྗེས་གཉིས་མཐུད་དབོར་བ་རེད།

    ས་ཡོམ་བརྒྱབ་རྗེས་ཀྱི་ཆུ་ཚོད་ཁ་ཤས་ནང་། བོད་ལྗོངས་མེ་གསོད་དང་། དམག་ཁུལ་ཁང་གི་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ཉེན་རྟོག་པ། སྨན་བཅོས་དང་ནད་ཡམས་སྔོན་འགོག་ཚོད་འཛིན། འགྲིམ་འགྲུལ་གློག་ཤུགས་སོགས་དཔུང་ཁག་མང་པོ་ཞིག་ཉིན་མཚན་དབྱེར་མེད་རྡོག་ཐོན་བྱས་པ་དང་། རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་5000ལྷག་ཙམ་ཕྱོགས་བཞི་མཚམས་བརྒྱད་ནས་སྦྲ་ཆེན་གྱི་ཡོམ་ཁུལ་དུ་མགྱོགས་མྱུར་འཛོམས་ཡོད།

    “ང་ཚོར་ཚོད་བགམ་བྱེད་པའི་དུས་སུ་སླེབས་པས་རང་ཉིད་ལ་ཡིད་ཆེས་ཡོད་དམ” “ཡོད” ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་3པར་བོད་དམག་ཁུལ་ཁང་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་ཁག་དང་པོའི་རོགས་སྐྱོབ་དཔུང་ཁག་གི་མི་48ས་ཡུལ་དངོས་སུ་རོགས་སྐྱོབ་ལས་དོན་སྤེལ་བར་འབྱོར་བ་རེད།

    སྦྲ་ཆེན་རྫོང་ཐང་བོད་གནའ་ལམ་གསོལ་མགྲོན་ཁང་གི་ལས་དོན་པ་རིན་ཆེན་མཚོས“ས་ཡོམ་བརྒྱབ་རྗེས་འཕྲལ་སྡོམ་ཐག་གཅོད་བྱེད་པའི་མྱུར་ཚད་ཧ་ཅང་མགྱོགས་པོ་འདུག ས་ཡོམ་བརྒྱབ་ནས་ཆུ་ཚོད་ཕྱེད་ཀའང་མ་སོང་བར་ཁོངས་གཏོགས་ཁུལ་གྱི་ལས་དོན་པ་གསོལ་མགྲོན་ཁང་དུ་ས་ཡོམ་བརྒྱབ་རྗེས་ཀྱི་ཞིབ་བཤེར་དང་བདེ་འཇགས་གྲལ་བཤེར་ལས་དོན་སྤེལ་བར་སླེབས་སོང་། རྫོང་གྲོང་གི་མ་ལམ་གཙོ་བོར་མེ་གསོད་རོགས་སྐྱོབ་རླངས་འཁོར་འབྱོར་བ་དང་རོགས་སྐྱོབ་སྟོབས་ཤུགས་མང་པོ་ས་ཡུལ་དངོས་སུ་ལས་དོན་སྤེལ་བར་སླེབས་པས་ཚང་མའི་སེམས་ལྷོད་ལ་བབས་སོང”ཞེས་བཤད།

    མི་དམངས་དང་ཚེ་སྲོག་གོང་དུ་བཀུར་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་རྨས་མ་འཚོལ་སྐྱོབ་བྱས་པ།

    སྦྲ་ཆེན་རྫོང་གི་གནོད་འཚེ་ཚབས་ཆེན་ཕོག་པའི་དམར་རུ་ཤང་དང་གངས་ཆེན་ཤང་གཉིས་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་འབྲོག་དུད་ཁ་ཐོར་དུ་གནས་པས། གྲལ་བཤེར་རོགས་སྐྱོབ་ལས་དོན་སྤེལ་བའི་དཀའ་ཚེགས་ཆེན་པོ་ཡོད་མོད། འོན་ཀྱང་མི་སྣ་འཚོལ་སྐྱོབ་ལས་དོན་རྒྱུན་ཆད་མེད་པར་སྤེལ་བཞིན་ཡོད། ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ཙམ་ལ། དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོར་བཏང་བའི་ནག་ཆུ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་ཚོས་ཁང་པ་བརྡིབས་སར་འཕྲལ་མར་རྩད་ཞིབ་ལས་དོན་སྤེལ་བ་རེད། དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་ནག་ཆུ་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་བཤིག་ཆས་དང་འཚོལ་སྐྱོབ་དང་། སྨན་བཅོས། གྲང་འགོག་དྲོད་སྲུང་སོགས་སྒྲིག་ཆས་དང་དངོས་ཟོག་འཁྱེར་ནས་མང་ཚོགས་སྡོད་ཁུལ་གྱི་སྤྱི་པའི་སྒྲིག་བཀོད་ལ་གཙོ་གནད་ཐོག་གྲལ་བཤེར་བྱས་པ་རེད།

    “དུད་ཚང་གཅིག་ཀྱང་མི་ལུས་པ་དང་། མི་གཅིག་ཀྱང་མི་ལུས་པ། ཁུག་ཆ་གཅིག་ཀྱང་མི་ལུས་པ་བྱེད་དགོས” རོགས་སྐྱོབ་མི་སྣས་སྒུར་སྒུར་བྱས་ནས་འཚོལ་ཞིབ་དང་ལག་པས་གཙང་སེལ་བྱས་ཏེ། ཁང་པ་གཅིག་ཀྱང་མི་ལུས་པ་དང་གས་སྲུབས་གཅིག་ཀྱང་མི་ལུས་པར་བྱས་ཤིང་། མཚན་གང་པོ་གཉིད་མེད་ལ་ངལ་གསོ་ཡང་རྒྱག་ཁོམ་བྲལ། ཚེས་23ཉིན་གྱི་ཆུ་ཚོད་18ཙམ་གྱི་བར། ས་ཡོམ་བརྒྱབ་ནས་ཆུ་ཚོད་20ཙམ་ལས་སོང་མེད་རུང་ཕྱོགས་ཡོངས་ལ་གྲལ་བཤེར་ཐེངས་གསུམ་བྱས་ཟིན་པ་རེད།

    མི་16རྐྱེན་ལམ་དུ་ཤོར་བ་དང་། མི་76ལ་རྨས་སྐྱོན་ཕོག་པ། ཁང་པ་བརྡིབས་པའི་དུད་ཚང་339ཟིན་པ། ལྷས་ར་20ལ་གཏོར་སྐྱོན་ཕོག་པ་བཅས་ཀྱི་གྲངས་ཀ་ནི་སེམས་སྐྱོ་དགོས་པ་ཞིག་རེད།

    ཚེས་23ཉིན་གྱི་ཐོ་རེངས་ཆུ་ཚོད་4པ་ཙམ་ལ། སོག་རྫོང་མི་དམངས་སྨན་ཁང་དུ་གློག་འོད་ཁྲ་ལྷམ་མེར་སྤར་བ་དང་སྨན་དོན་པས་བྲེལ་འཚུབ་ཆེན་པོས་རྨས་མ་འཁུར་བའི་འགྱོགས་བྱམས་རེ་རེ་སྲུང་བཞིན་འགྲོ་བ་དང་། ནད་ཁྲིའི་ཐོག་གི་ན་ཟུག་གིས་མནར་བའི་རྨས་མར་བརྟག་དཔྱད་ཞིབ་ཚགས་དང་སེམས་གསོ་འཚམས་འདྲི་གང་ལེགས་བྱེད་བཞིན་ཡོད་པ་རེད།

    སོག་རྫོང་མི་དམངས་སྨན་ཁང་ནི་ད་ཐེངས་ཀྱི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་དང་ཐག་ཐེངས་ཉེ་ཤོས་ཀྱི་ཕྱོགས་བསྡུས་སྨན་ཁང་ཞིག་རེད། ས་ཡོམ་བརྒྱབ་ཚུན་སྨན་ཁང་དེའི་སྨན་དོན་པས་མཚན་གང་མ་ཉལ་བར་རྨས་མ་ཁག་ཐེངས་མང་པོར་སྨན་བཅོས་བྱས་པ་རེད།

    “ཐབས་བརྒྱ་ཇུས་སྟོང་ངང་རྨས་མ་སྐྱོབ་བཅོས་བྱེད་དགོས་ཤིང་། ཆེད་ལས་ཀྱི་སྐྱོབ་བཅོས་སྟོབས་ཤུགས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་དང་། ‘མི་རེར་ཇུས་གཞི་རེའི’ལམ་ལུགས་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་བཟོ་བ། རྨས་སྐྱོན་ཚབས་ཆེ་ཆུང་དབྱེ་ནས་སྨན་བཅོས་སྐྱོབ་བཅོས་བྱས་ཏེ། མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས” ཚེས་23ཉིན་གྱི་ཞོགས་པར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་སོག་རྫོང་མི་དམངས་སྨན་ཁང་དུ་རྨས་སྐྱོན་ཕོག་པའི་མང་ཚོགས་ལ་གཟིགས་སྐབས་ཀྱི་གསུང་ཚིག་ལ་ཞུམ་མེད་སྟོབས་ཤུགས་ལྡན།

    ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ཐུབ་ཆེད། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འཕྲལ་མ་ཉིད་དུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་སྨན་བཅོས་སྐྱོབ་བཅོས་འཕྲལ་སྡོམ་དང་ལེན་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང) ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་མི་དམངས་སྨན་ཁང་། ལྷོ་ཁ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་སོགས་ཀྱིས་འཕྲལ་མ་ཉིད་དུ་སྨན་དོན་པ་བརྒྱ་ལྷག་ཙམ་དང་མྱུར་སྐྱོབ་རླངས་འཁོར་བཅུ་ལྷག་ཙམ་སྒྲིག་འཛུགས་བྱས་པ་མ་ཟད། རྩེར་སོན་གྱི་བརྟག་བཅོས་སྒྲིག་ཆས་དང་མྱུར་སྐྱོབ་སྨན་རྫས་སྟོང་ཕྲག་ཁ་ཤས་ཁྱེར་ནས་མཚན་མོ་དེ་རང་ལ་གེགས་ཁུལ་དུ་བསྐྱོད་པ་རེད། ཆེད་ལས་ཅན་གྱི་སྨན་བཅོས་སྟོབས་ཤུགས་ལས་རྨས་སྐྱོན་ཕོག་པའི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་ཐུབ་ཡོད།

    རྨང་གཞིའི་སྒྲིག་བཀོད་གང་མགྱོགས་བཟོས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་འགན་ལེན་བྱས་པ།

    འགྲོ་ལམ་དང་། གློག་ཤུགས། འཕྲིན་གཏོང་བཅས་ནི་ཡོམ་འགོག་གེགས་སེལ་གྱི་ཚེ་སྲོག་གི་བགྲོད་ལམ་རེད། རྨང་གཞིའི་སྒྲིག་བཀོད་གང་མགྱོགས་མྱུར་བཟོ་བྱེད་པ་ནི་ཚེ་སྲོག་གི་བགྲོད་ལམ་ཤར་གཏོང་བྱེད་པ་ཞིག་རེད།

    འགྲོ་ལམ་ཤར་གཏོང་འགན་ལེན་གྱིས་གེགས་སེལ་ལ་འགག་རྩའི་ལམ་བུ་བཤངས་ཤིང་། “ས་ཡོམ་བརྒྱབ་རྗེས་ང་ཚོས་ཉེན་སེལ་སྐས་རིམ་རུ་ཁག་དང་པོའི་མི་230སྒྲིག་འཛུགས་བྱས་ནས་ས་ཡུལ་དངོས་སུ་བསྐྱོད་དེ་རྒྱལ་ལམ་317གྱི་གཏོར་སྐྱོན་ཤོར་བའི་ལམ་དུམ་ནས་སྦྲ་ཆེན་རྫོང་དམར་རུ་ཤང་བར་གྱི་གཞུང་ལམ་ཚང་མ་གཙང་སེལ་བྱས་ཟིན་པས་འགྲོ་ལམ་ཤར་གཏོང་ཐུབ་ཡོད། བགྲོད་ལམ་ལ་གཏོར་སྐྱོན་ཚབས་ཆེན་ཕོག་མེད་པ་དང་ད་ཆ་གཙོ་བོ་ཟམ་པའི་བདེ་འཇགས་འགན་ལེན་བྱེད་དགོས། རྒྱབ་ཏུ་དོས་འཁོར་ཆེ་གྲས་ཡོང་གི་ཡོད་པས་ཟམ་པར་གནས་ཚུལ་ལྷགས་དོགས་སེམས་ཁྲལ་བྱེད་ཀྱི་ཡོད” ཟླ་10ཚེས་23ཉིན་གྱི་ཆུ་ཚོད་8དང་སྐར་མ་15ཙམ་ལ། བོད་རང་སྐྱོང་ལྗོངས་གཞུང་ལམ་བྱ་གཞག་འཕེལ་རྒྱས་ལྟེ་གནས་ཀྱི་གཞུང་ལམ་ཤར་གཏོང་འགན་ལེན་མི་སྣས་གཞུང་ལམ་ཤར་གཏོང་འགན་ལེན་རགས་ཙམ་བྱས་རྗེས་ལམ་འགྲམ་དུ་སྟབས་བདེའི་ཐུག་པ་འཐུང་བཞིན་སྐས་རིམ་རུ་ཁག་གཉིས་པའི་འཕྲིན་གཏོང་རླངས་འཁོར་དང་། གློག་ཁུངས་རླངས་འཁོར། གློག་སྒྲོན་རླངས་འཁོར། བཟའ་བཏུང་རླངས་འཁོར་བཅས་སླེབས་རྒྱུར་སྒུག་བཞིན་ཡོད།

    ས་ཡོམ་གྱིས་རྐྱེན་པས་ལམ་དུམ་ཁག་གཅིག་ཚད་གཞི་མི་འདྲ་བའི་གས་ཡོད་པ་མ་ཟད་སྒང་ནས་རྡོའང་ཟགས་བཞིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་མཚན་མོ་དེ་རང་ལ་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ས་ཡོམ་དང་འབྲེལ་ཡོད་ས་ཁོངས་ཀྱི་གཞུང་ལམ་དང་། ཟམ་པ། ཕུག་ལམ། རི་ལྡེབས་ཀྱི་ཉེན་ཁ་ཆེ་བའི་ཟགས་རྡོ་བཅས་དང་དེ་བཞིན་གཞུང་ལམ་གྱི་བཟོ་བཀོད་དངོས་པོ་སྣ་ཚོགས་ལ་ས་ཡོམ་རྗེས་ཀྱི་འཕྲལ་སྡོམ་གྲལ་བཤེར་བྱས་ནས་འགྲོ་ལམ་བདེ་འཇགས་ཀྱི་གནས་ཚུལ་བབ་བསྟུན་ངང་ཁོང་དུ་ཆུད་པར་བྱས་ཡོད། ཆུ་ཚོད་10ཙམ་གྱི་ནང་འགྲོ་ལམ་རྒྱུན་གཏན་ལྟར་ཤར་གཏོང་ཐུབ་ནས་ཚེ་སྲོག་བགྲོད་ལམ་མྱུར་བཟོ་དང་ཉེན་ཁའི་གནས་ཚུལ་གྲལ་བཤེར་བྱེད་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་ཐུབ་ཡོད།

    འཕྲལ་སྡོམ་གློག་ཤུགས་འགན་ལེན་བྱས་ནས་གེགས་ཁུལ་དུ་གློག་གཏོང་ཐུབ་པར་བྱས་ཡོད། རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིས་མཚན་མོ་དེ་རང་ལ་འཕྲལ་སྡོམ་གྲོས་མོལ་བྱས་པ་དང་། ལྗོངས་ཡོངས་ཀྱི་འཕྲལ་སྡོམ་སྟོབས་ཤུགས་དང་སྒྲིག་ཆས་དང་དངོས་ཟོག་འཕྲལ་མར་བསྡུ་རུབ་བྱས་ཏེ་ཡོམ་ཁུལ་ལ་རོགས་སྐྱོར་བྱས་པ། འཕྲལ་སྡོམ་མི་སྣས་མཚན་མོ་དེ་རང་ལ་གློག་ཤུགས་སྒྲིག་ཆས་ལ་སྐོར་ཞིབ་བྱས་ནས་གེགས་སེལ་བཀོད་འདོམས་པུའུ་དང་། ཤང་དང་གྲོང་རྡལ་སྲིད་གཞུང་། འཕྲོད་བསྟེན་ཁང་། མང་ཚོགས་བཀོད་སྒྲིག་བྱ་ཡུལ་སོགས་འགག་རྩའི་ས་ཆར་གློག་གཏོང་ཐུབ་པའི་འགན་ལེན་གཙོ་གནད་ཐོག་བྱས་པ་རེད། མཚན་མོ་དེ་རང་ལ་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་པ་བརྒྱུད་ཡོམ་ཁུལ་གྱི་སྐུད་ལམ་མང་པོ་ཞིག་སླར་གསོ་ཐུབ་ནས་གཙོ་གནད་ས་ཁོངས་ཚང་མར་གློག་གཏོང་ཐུབ་ཡོད། མིག་སྔར་ཡོམ་ཁུལ་གྱི་དུད་ཚང་1937གྱི་མང་ཚོགས་ལ་རྒྱུན་གཏན་ལྟར་གློག་མཁོ་འདོན་ཐུབ་པ་དང་གློག་དྲ་འཁོར་སྐྱོད་བརྟན་པོ་བྱུང་སྟེ་ཡོམ་འགོག་གེགས་སེལ་ལས་དོན་ལ་གློག་ཤུགས་ཀྱི་འགན་ལེན་བརྟན་པོ་ཐུབ་ཡོད།

    མངོན་མེད་རྐྱེན་ངན་གྲལ་བཤེར་དང་རིམས་འགོག་དུག་སེལ་ལ་དུས་མཉམ་དུ་སྐུལ་འདེད་བཏང་ཡོད། ནག་ཆུ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཙེང་ཡུང་གིས་ཆེད་ལས་མི་སྣས་གཏོར་སྐྱོན་ཤོར་བའི་སྡོད་ཁང་གི་བདེ་འཇགས་འཕྲལ་སྡོམ་དཔྱད་དཔོག་མཉམ་དུ་བྱས་ཏེ། སྡོད་ཁང་བདེ་འཇགས་ཡིན་མིན་ལ་མཚོན་རྟགས་བཀོད་ནས་བེད་སྤྱོད་གཏོང་མི་ཆོག་པའི་རིགས་ལ་མཚོན་རྟགས་དམར་པོ་དང་། གནས་སྐབས་བེད་སྤྱོད་གཏོང་མཚམས་འཇོག་དགོས་པའི་རིགས་ལ་མཚོན་རྟགས་སེར་པོ། བེད་སྤྱོད་གཏོང་ཆོག་པའི་རིགས་ལ་མཚོན་རྟགས་ལྗང་ཁུ་བཅས་བཀོད་པ་མ་ཟད། ཉེན་ཡོད་སྐྲུན་དངོས་ཀྱི་མཐའ་འཁོར་དུ་ཉེན་ཐག་འཐེན་ནས་ཞོར་ཐོན་གནོད་འཚེ་མ་ཐོན་པའི་སྔོན་འགོག་ནན་པོ་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ནག་ཆུ་གྲོང་ཁྱེར་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་ལས་དོན་པ་ཚོགས་ཆུང་གསུམ་ལ་བགོས་ནས་དམར་རུ་ཤང་གི་གྲོང་ཚོ་གཉིས་པ་དང་གསུམ་པ། དེ་བཞིན་གངས་ཆེན་ཤང་བཅས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་དུག་སེལ་དང་། ཆུའི་སྤུས་ཚད་ཞིབ་དཔྱད། ཁོར་ཡུག་གི་རིམས་འགོག་བཅས་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ“གནོད་འཚེ་ཆེན་པོའི་རྗེས་ལ་རིམས་ནད་ཆེན་པོ་མི་ཐོན་པའི”བདེ་འཇགས་ཀྱི་མཐའ་ཚད་བརྟན་དུ་བཏང་ཡོད།

    སྡོད་ས་དང་བཟའ་བཏུང་འགན་ལེན་དང་ཕྱོགས་ཚང་མས་རོགས་སྐྱོར་བྱས་པས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སེམས་ལ་དྲོ་སྐྱིད་སྦྱིན་པ།

    དམར་རུ་ཤང་བྲག་ཧྲོབ་རྒལ་གྲོང་ཚོའི་ཡུལ་མི་བསམ་གྲུབ་ཁྱིམ་གྱི་ནང་མི་ཚང་མ་གུར་ནང་བཀོད་སྒྲིག་ཚགས་ཚུད་བྱས་ཡོད། “གུང་ཁྲན་ཏང་གི་བཀའ་དྲིན་ལས་ང་ཚོ་གང་མགྱོགས་གུར་ནང་སྤོ་ཐུབ་སོང་། རྒྱལ་ཁབ་ཀྱིས་ང་ཚོར་གེགས་སེལ་གུར་བརྒྱབ་པ་དང་དེ་རྗེས་ལྕགས་ཐབ་དང་། སོལ་རླངས་ཐབ། ཉལ་ཆས། བཟའ་བཏུང་སོགས་དངོས་ཟོག་གཅིག་རྗེས་གཉིས་མཐུད་བཀོད་སྒྲིག་ཡག་པོ་གནང་སོང་བས། རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བསམ་གྲུབ་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་བཤད།

    ས་ཡོམ་ཁྲོད་བྲག་ཧྲོབ་རྒལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དོན་གྲུབ་ཚེ་རིང་གི་སྒོ་རའི་གྱང་བརྡིབས་མོད། འོན་ཀྱང་ཁོང་གིས་རང་ཁྱིམ་གྱི་ཁང་པར་གཏོར་སྐྱོན་ཤོར་བར་ལྟ་ཁོམ་མེད་པར་རླངས་འཁོར་བཏང་ནས་གྲོང་ཚོའི་གང་སར་བསྐྱོད། ལམ་བར་དུ་དུང་བརྡ་བཏང་ནས་མང་ཚོགས་ལ་ཉེན་གྱར་མི་སྣ་འཚོལ་སྐྱོབ་ཞིབ་ཚགས་བྱེད་དགོས་པ་དང་། ལྷག་དོན་དུ་གྲོང་ཚོའི་ནང་གི་རྒན་རྒོན་ཚོའི་སྒོ་ཁར་བསྐྱོད་ནས་གང་མགྱོགས་ཉེན་ཡོད་ཁང་པ་ནས་བྲལ་ཏེ་ཁང་པའི་ཕྱི་རོལ་གྱི་ས་སྟོང་ངམ་ཡང་ན་རླངས་འཁོར་ནང་ཡོམ་འཕྲོ་རྒྱག་པའི་ཉེན་ཁ་ལས་གཡོལ་དགོས་པའི་སྐུལ་སློང་བྱས།

    ཡུལ་མི་ཐུབ་བསྟན་ཚེ་རིང་གིས་དེ་ཉིན་དགོང་མོ་ཛ་དྲག་ངང་རོགས་སྐྱོབ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་མིག་མཐོང་ལག་ཟིན་བྱུང་ཞིང་། ཁོང་གིས“ས་ཡོམ་གློ་བུར་དུ་བརྒྱབ་པ་དང་། གྲོང་ཚོའི་ལས་བྱེད་པས་རང་ཁྱིམ་གྱི་བདེ་སྡུག་ལ་མ་བལྟོས་པར་མདུན་ཕྱོགས་སུ་ཤོར་བ་མཐོང་སྐབས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། དཀའ་ངལ་འཕྲད་སྐབས་ཚང་མས་ཕར་རོགས་ཚུར་རོགས་བྱེད་པ་མཐོང་སྐབས་བློ་བདེ་པོ་འདུག”ཅེས་མྱོང་ཚོར་ཟབ་མོས་བཤད།

    དཀའ་ངལ་མདུན་དུ་བརྩེ་བ་ཟབ་མོ་མངོན། ས་གནས་ཁག་ནས་ཡོང་བའི་དང་བླངས་པས་གྲང་ངར་ཆེ་བའི་མཚན་མོར་དཔའ་ངར་ཞུམ་མེད་ཀྱིས་རོགས་སྐྱོབ་ལས་ལ་ཞུགས། སོག་རྫོང་ཧྲི་ཧྲང་མཱ་ཀྲུང་ཟ་ཁང་གི་སྦྱིན་བདག་གིས་སྦྲ་ཆེན་རྫོང་གི་གེགས་ཁུལ་དུ་ཡོང་ནས་རྒུད་སྐྱོབ་མི་སྣ་དང་ཡུལ་སྐོར་བར་རིན་མེད་ངང་གཅེས་སེམས་ལྟོ་ཆས་མཁོ་འདོན་བྱས། ལས་དོན་པ་ཧྲང་ཝུན་ཅེས“མི་རིགས་ང་དྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། སྦྲ་ཆེན་རྫོང་དཀའ་གནད་ལས་གང་མགྱོགས་སྒྲོལ་རྒྱུའི་རེ་བ་ཡོད”ཅེས་བརྗོད། གཅེས་སེམས་མི་སྣ་བསྟན་དགེ་དང་རོགས་པ་བཅུ་གྲངས་ཀྱིས་ཐོ་རེངས་ཆུ་ཚོད་གཉིས་པར་རྡོག་ཐོན་བྱས་ཏེ་ཆུ་ཚོད་དྲུག་པར་གེགས་ཁུལ་དུ་འབྱོར་བ་དང་། ཁོང་ཚོས་གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་དངོས་ཟོག་རླངས་འཁོར་གཉིས་འཁྱེར་ཡོད།

    ཉིན་གཅིག་གི་ནང་། གོད་ཆག་ཆེན་པོ་བྱུང་བ་ནས། ཟས་རིགས་དང་ཆུ་གཙང་མ་འཐུང་རྒྱུ་ཡོད་ལ། གྲང་འགོག་ཉལ་ཆས་དང་། སྨན་བཅོས་ཞབས་ཞུ། གནས་སྐབས་སྡོད་གནས། ལས་བྱེད་པའི་འབྲེལ་གཏུག་བཅས་བྱུང་ནས། བྱང་རྩྭ་ཐང་དུ་དྲོ་སྐྱིད་ཀྱིས་ཁེངས་པའི་གནས་སྐབས་ཀྱི་སྡོད་གནས་ཤིག་བསྐྲུན་ཡོད།

    མིག་སྔར། རོགས་སྐྱོབ་མི་སྣས་སྔར་བཞིན་འཐབ་ས་དང་པོར་བརྟན་སྲུང་དང་མུ་མཐུད་འབད་འཐབ་བྱེད་བཞིན་ཡོད་ལ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་སེམས་གཅིག་མཐུན་གྱིས་དཀའ་ངལ་ཡོད་ཚད་ཁྱད་བསད་བྱེད་བཞིན་ཡོད། ཆར་རླུང་ཇི་ཙམ་དྲགས་ཀྱང་འཇགས་འགྲོ་བའི་དུས་ཤིག་ཡོད་ལ། དཀའ་ངལ་ཇི་ཙམ་ཆེ་ཡང་རི་ཀླུང་བདེ་ལ་འཁོད་པའི་སྐབས་ཤིག་ཡོད་པས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྔ་ཙམ་བསྐྱར་སྐྲུན་ཐུབ་ངེས་རེད།

    སྦྲ་ཆེན། ཤུགས་རྒྱོབ།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།