དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་དང་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་བྱས་ཏེ་རྒྱལ་ཁ་ལེན་པའི་ཐབས་མཆོག

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2026-10-26

    ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་རེའི་ཏང་གིས་དམར་དམག་གི་འགོ་ཁྲིད་དེ་རྒྱང་སྐྱོད་བྱས་པའི་ལོ་རྒྱུས་ཀྱི་ལམ་བུ་རླབས་པོ་ཆེར་ཕྱིར་དྲན་གནང་ནས།“ལོ་ངོ་90སོང་རྗེས་ཀྱི་དེ་རིང་། དཀའ་ཚེགས་ཆེ་ལ་འོད་སྟོང་འཕྲོ་བའི་ལོ་ཟླར་སླར་ཡང་་ཕྱིར་མིག་ལྟ་སྐབས། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ནི་ལྡོག་མེད་ཅིག་ཡིན་པ་དང་། དེའི་ནང་ཏང་དང་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་བྱས་ཏེ་རྒྱལ་ཁ་ལེན་པའི་ཐབས་མཆོག་འདུས་པར་ང་ཚོས་ངོས་འཛིན་དེ་བས་གཏིང་ཟབ་ཐུབ་པར་བྱེད་དགོས”ཞེས་གསུངས་ཡོད།

    ཞིང་ཆེན་བཅུ་ལྷག་ཙམ་བསྒྲལ་བ་དང་ལེ་དབར་ཉིས་ཁྲི་ལྔ་སྟོང་བསྐྱོད་ཅིང་། གཡུལ་འགྱེད་དང་དམག་འཐབ་ཐེངས་600ལྷག་ཙམ་བྱས་པ་སོགས། དམར་དམག་གིས་རྒྱང་སྐྱོད་ལ་བརྟེན་ནས་གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་རྩ་མེད་གཏོང་བའི་ངན་ཇུས་རྦད་དེ་ཕམ་ཉེས་སུ་བཏང་བ་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁའི་ངང་བྱང་ཕྱོགས་སུ་རི་འགོག་གི་འཐབ་ཇུས་སྤོ་སྒྱུར་བྱ་རྒྱུ་མངོན་འགྱུར་བྱུང་ནས། ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་པ་བདེ་བླག་ངང་བཏོད་ཡོད།

    རྒྱལ་ཁ་རླབས་པོ་ཆེ་འདི་ཇི་ལྟར་བཏོད་པ་ཡིན་ནམ།

    “ཏང་གི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་བཏོད་པ་ཡིན” “གསར་བརྗེའི་བློ་སྟོབས་བརྟན་པོར་བརྟེན་ནས་བཏོད་པ་ཡིན” “རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་བཏོད་པ་ཡིན” “རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཏོད་པ་ཡིན”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་སྟོན་གནང་བའི་ཏང་དང་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་བྱས་ཏེ་རྒྱལ་ཁ་ལེན་པའི་ཐབས་མཆོག་ལས་རྒྱལ་ཁ་རླབས་པོ་ཆེ་འདིའི་རྩ་བའི་འགན་ལེན་དང་། བསམ་པའི་ཀ་རྟེན། བྱ་སྤྱོད་ཀྱི་གཞི་འཛིན་ས། སྟོབས་ཤུགས་ཀྱི་འབྱུང་ཁུངས་བཅས་གསལ་བཤད་གནང་ཡོད། དེ་ནི་ལོ་རྒྱུས་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་པ་ཞིག་རེད་ལ། འབྱུང་འགྱུར་ལ་ཕྱོགས་པའི་ཁྱབ་བསྒྲགས་གཏིང་ཟབ་ཅིག་ཀྱང་ཡིན་པས། ཡུལ་དུས་ལས་བརྒལ་བའི་བློ་འབྱེད་ཀྱི་དོན་སྙིང་ལྡན་ཡོད།

    འདིར་གཙོ་གནད་ཐོག“གསར་བརྗེའི་བློ་སྟོབས་བརྟན་པོ”དང“རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ”གྱི་སྐོར་ལ་གསལ་འགྲེལ་བྱས་ནས་གོ་བ་ལེན་ཟབ་ཏུ་གཏོང་གི་ཡིན།

    ཕུགས་བསམ་དང་དད་སེམས་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན།

    རྒྱང་སྐྱོད་ཀྱི་ལམ་བུར་ཞང་ཅང་གཙང་པོར་རྦ་རླབས་ལང་ལོང་དུ་འཕྱུར་བ་དང་དཔའ་བོ་གྲངས་ལས་འདས་པས་རང་སྲོག་བློས་བཏང་བ་དང་། ཁྲི་ཧྲུའེ་གཙང་པོ་ཐེངས་བཞི་བརྒལ་ནས་གཡུལ་ལས་རྣམ་པར་རྒྱལ་ཞིང་། རྒྱལ་མོ་རྔུལ་ཆུར་དམར་དམག་གིས་རྒྱལ་ཁ་མྱུར་དུ་བླངས་ཡོད། འཁྱགས་ལྟོགས་ཀྱིས་མནར་རུང་མང་ཚོགས་ཀྱི་ཁབ་སྐུད་ཙམ་ཡང་མ་བླངས་པ་དང་། རྨས་སྐྱོན་ཕོག་པའི་རྐང་པ་གཅོད་དགོས་བྱུང་རུང་ཧྲའན་པེ་རུ་སྐྱོད་པའི་དམ་བཅའ་བཞག་ཡོད། ཏང་དང་དམར་དམག་གིས་ཕུགས་བསམ་དང་དད་སེམས་བརྟན་པོ་དང་གསར་བརྗེའི་བློ་སྟོབས་བརྟན་པོར་བརྟེན་ནས་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་པ་དང་ལན་བརྒྱ་ཕམ་རུང་དཔའ་མ་ཞུམ་པས། མཐར་རྒྱལ་ཁ་བླངས་ནས་ཡིད་ཆེས་དཀའ་བའི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

    “གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དད་སེམས་ལས་དགྲ་བོ་ངན་རེངས་ལས་རྣམ་པར་རྒྱལ་བ་དང་རི་ཆེན་འགུལ་བའི་སྟོབས་ཤུགས་འཛད་མཐའ་མེད་པ་འདོན་ཐུབ་པ་དང་། བླ་ན་མེད་པའི་ཕུཌ་བསམ་དང་དད་སེམས་བརྟན་པོ་ལྡན་པའི་དཔུང་ཁག་ནི་འགྲན་ཟླ་མེད་པ་ཞིག་ཡིན་པ་ལོ་རྒྱུས་ལས་ར་འཕྲོད་ཁུངས་བཙན་ཐུབ་ཡོད”

    བསམ་པའི་སྟོབས་ཤུགས་ཡུལ་དུས་ལས་བརྒལ་བ།

    ཕ་ཡུལ་དུ་གཞི་ཚུགས་ནས་ཏང་ཡོན་ལས་བྱེད་པ་ཁྲི་བརྒྱ་ཕྲག་མང་པོས་འགན་འཁྲི་ཁུར་ནས་འབད་འཐབ་མདུན་སྐྱོད་དང་བློ་ནུས་གང་ཡོད་བཏོན་ཏེ“རྒྱལ་ཁ་ཡོངས་སུ་མ་ཐོབ་བར་དམག་རྒྱག་མཚམས་མི་འཇོག་པའི”ཆོད་སེམས་ལ་བརྟེན་ནས“གྲུབ་འབྲས་ཆེ་ཤོས་ཀྱི་དབུལ་སྒྲོལ་གཏམ་རྒྱུད”བརྩམས་ཡོད།

    ཡང་རྩེར་འཛེག་ཕོད་པའི་ཚན་ཞིབ་ལས་དོན་པ་གྲངས་ལས་འདས་པས་ལོ་མང་འབད་འཐབ་བྱེད་པའི་སེམས་ཤུགས་བརྟན་པོར་བརྟེན་ནས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་འབར་བའི“གསར་གཏོད་ཅན་གྱི་ཀྲུང་གོ”འཕེལ་རྒྱས་བཏང་ཡོད།

    མཐའ་མཚམས་འགག་སྒོ་སྲུང་མཁན་ན་གཞོན་འཐབ་འཛིང་པ་ཚོས“ལྷད་མེད་ཀྱི་བརྩེ་བ་ཀྲུང་གོ་ཁོ་ནར་འཆང་བའི”དམ་བཅའ་ལག་ལེན་བསྟར་ནས་ལྷག་བསམ་རྣམ་དག་དང་ཁྲག་དྲོན་ལ་བརྟེན་ཏེ་སྲ་ཞིང་བརྟན་པའི་ས་མཚམས་རྡོ་རིང་བསྐྲུན་པ་སོགས།

    “རླབས་ཆེན་གྱི་རྒྱང་སྐྱོད”ནས“རྒྱང་སྐྱོད་གསར་པ”བར་དང་། རྗེས་འདེད་སྔོན་བཀག་བཤགས་པ་ནས་གོམ་ཞེང་ཆེན་པོས་བསྐྱར་དར་གྱི་རྒྱང་ལམ་དུ་སྐྱོད་པའི་བར། ཉེན་ཁའི་གནས་ཚུལ་ལས་གྲོལ་བ་དང་ཉེན་ཁ་ཐེངས་མང་བསལ་བ་ནི། དགྲ་བོ་མཐའ་དག་ཟིལ་གྱིས་གནོན་པ་ལས་དགྲ་བོ་སུ་ཞིག་གིས་ཀྱང་གནོན་མི་ཐུབ་པ་དང་། དཀའ་ངལ་མཐའ་དག་ཁྱད་དུ་བསད་པ་ལས་དཀའ་ངལ་གང་འདྲ་ཞིག་གི་མདུན་དུ་མགོ་བོ་མི་སྒུར་བའི་དཔའ་བོའི་བློ་སྟོབས་དང་གསར་བརྗེའི་སྙིང་སྟོབས་ལ་བརྟེན་པ་ཞིག་ཡིན།

    “ཕུགས་བསམ་དང་དད་སེམས་ལྡན་ཚེ་ཏང་གི་བྱ་གཞག་ལེགས་འགྲུབ་ཡོང་ངེས་རེད”

    མདུན་སྐྱོད་ཀྱི་ལམ་བུར་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་ཀྱིས་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། གསར་བརྗེའི་བློ་སྟོབས་ལ་ཞུན་བརྡར་སྤྲོད་པ། དཀའ་ཚེགས་ཇི་ཙམ་ཆེ་བ་དེ་ཙམ་གྱིས་མདུན་དུ་སྐྱོད་པའི་དད་སེམས་དང་བློ་སྟོབས་ལ་བརྟེན་ནས་དཔའ་ངར་ཆེན་པོས་འཐབ་རྩོད་དང་དཀའ་ངལ་ཁྱད་དུ་བསད་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་གང་ཡང་ཡོད་མི་སྲིད།

    རྒྱང་སྐྱོད་ཀྱི་བརྒྱུད་རིམ་དེ་ཡང་རང་རེའི་ཏང་གིས་དཀའ་ཚེགས་ཆེན་པོས་གསར་བརྗེའི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། “རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ཏེ་ཐམས་ཅད་དོན་དངོས་ནས་འགོ་འཛུགས་པ”ནི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེའི་ནང་དོན་གལ་ཆེན་གྱི་གྲས་ཤིག་རེད།

    རྒྱང་སྐྱོད་ཀྱིས“མར་ཁེ་སི་རིང་ལུགས་ནམ་ཡང་མི་འགྱུར་བའི་ལུང་འཛིན་གྱི་ནོར་འཁྲུལ་བསམ་བློའི་བཀག་རྒྱ་ལས་སྒྲོལ་བ”དང་། རང་རེའི་ཏང་གིས་རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ལམ་གང་དུ་སྐྱོད་པ་དང་དམག་ཇི་ལྟར་རྒྱག་དགོས་པ་སོགས་ཀྱི་གནད་དོན་གལ་ཆེན་ཐག་གཅོད་བྱེད་འགོ་བརྩམས་ཡོད། དེ་ནི་ཏང་གི་ཡང་དག་པའི་ལམ་ཕྱོགས་ཀྱི་ཁྲིད་སྟོན་འོག་དམར་དམག་གིས་དགྲ་བོའི་བཀག་སྡོམ་མང་པོ་ལས་རེ་རེ་བཞིན་བསྒྲལ་ནས་འཚོ་བ་གསར་པ་དང་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པ་ཞིག་ཡིན།

    དུས་རབས་གསར་པ་ཚུན། “ཟུང་འབྲེལ་གཉིས”མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་བྱུང་ཡོད།

    ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག དུས་རབས་གསར་པའི་ཐབས་ཇུས་གལ་ཆེན་ཚང་མ་ཀྲུང་གོའི་དོན་དངོས་ལ་གཞི་ཚུགས་ནས་་ཀྲུང་གོའི་གནད་དོན་ལ་ལན་བཏབ་ཡོད།

    ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ“རང་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་འཚོལ་ཞིབ་བྱས་ཡོད”

    ཚན་རྩལ་རང་ཚུགས་རང་དར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཕྱི་རྒྱལ་གྱིས“འགག་རྩའི་ལག་རྩལ་ཐད་ཚོད་འཛིན་བྱེད་པའི”གནད་དོན་ཐག་གཅོད་བྱས་ཡོད།

    “ཟུང་འབྲེལ་གཉིས་པར”བརྟེན་ནས་རིག་གནས་ཀྱི་བྱེད་པོའི་རང་བཞིན་བརྟན་དུ་གཏོང་བ་དང་། བསམ་པའི་ཐད་ཀྱི་རང་ཚུགས་རང་བདག་མངོན་འགྱུར་བྱས་པ་སོགས། རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལམ་བུར་བསྐྱོད་ནས་རང་རེའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལེགས་གྲུབ་ལྡན་པའི་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་སྟེ་བྱ་གཞག་འཕེལ་རྒྱས་ཁྲོད་ཀྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པར”ཞུམ་མེད་མདུན་སྐྱོད་བྱས་ནས“ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པར”སྐྱོད་སྐབས། ང་ཚོའི་ཕྲག་ཏུ་འཁུར་བའི་འགན་འཁྲི་དེ་བས་ལྕི་བ་དང་འཕྲད་པའི་ལས་འགན་དེ་བས་ལྗིད་རྫོབ་ཆེ་བ་ཡོད། རྒྱང་སྐྱོད་ལས་ཐོབ་པའི་རྩ་ཆེའི་ཉམས་མྱོང་ནི་ང་ཚོས་དཀའ་ངལ་ཁྱད་བསད་དང་བརྟན་བགྲོད་རྒྱང་འཁྱོལ་བྱེད་པའི་གདིང་ཤུགས་ཡིན།

    རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས“རྒྱལ་ཁ་ལེན་པའི་ཐབས་མཆོག”ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཡིད་ཆེས་བརྟན་གཏོང་དང་མུ་མཐུད་འབད་འཐབ་བྱས་ཚེ། ང་ཚོ་ད་ལྟའི་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་བསྐྱོད་ཐུབ་པ་དང་། དུས་རབས་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།