ནག་ཆུའི་ས་ཡོམ་སྐོར་གྱི་གནས་ཚུལ་གསར་ཤོས།
གསར་འགོད་པར་ནག་ཆུ་གྲོང་ཁྱེར་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་རོགས་སྐྱོབ་སྟོབས་ཤུགས་གནོད་འཚེ་ཕོག་ཁུལ་དུ་མགྱོགས་མྱུར་འབྱོར་ནས། ཟླ་10ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཏག་ཏག་གི་བར་ལ་སྦྲ་ཆེན་རྫོང་གི་གནོད་འཚེ་ཕོག་པའི་མང་ཚོགས་12489(དེའི་ནང་དམར་རུ་ཤང་གི་མི་7600དང་གངས་ཆེན་ཤང་གི་མི་4889ཚུད་པ)འཕྲལ་མར་བདེ་འཇགས་ཁུལ་དུ་སྤོས་པ་རེད།

ད་ཐེངས་ཀྱི་ས་ཡོམ་གྱིས་སྦྲ་ཆེན་རྫོང་གངས་ཆེན་ཤང་དང་དམར་རུ་ཤང་གི་སྲིད་འཛིན་གྲོང་ཚོ་34དང་། མང་ཚོགས་13673ལ་གནོད་འཚེ་ཕོག་ཡོད། ཡིན་ནའང་རོགས་སྐྱོབ་སྟོབས་ཤུགས་ཀྱིས་རྨས་མ་སྐྱོབ་བཅོས་དང་མང་ཚོགས་གནས་སྤོ་སོགས་ཀྱི་ལས་དོན་མགྱོགས་པོ་སྤེལ་བ་མ་ཟད། བཀོད་སྒྲིག་བྱ་ཡུལ་35ལ་གནས་སྐབས་ཀྱི་ཏང་ཀྲི་པུའུ་35དུས་གཅིག་ཏུ་བཙུགས་ནས་ཏང་གི་དར་ཆ་ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་མཐོན་པོར་གཡོ་བར་བྱས་པ་རེད།

མིག་སྔར་རྨས་སྐྱོན་ཕོག་པའི་མང་ཚོགས་36སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། མང་ཚོགས་གཞན་དག་སྨན་བཅོས་བྱས་པ་བརྒྱུད་སྨན་ཁང་ནས་དོན་ཡོད།

སྦྲ་ཆེན་རྫོང་གིས་ཁྱོན་མི་1600ལྷག་ཙམ་འཐབ་ས་དང་པོར་བཏང་ཞིང་། ནག་ཆུ་ཡན་ལག་དམག་ཁུལ་ཁང་གིས་དཔོན་དམག་120དང་རླངས་འཁོར་10དང་། ནག་ཆུ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མི་347དང་། རྫི་ཁྱི་15 རླངས་འཁོར་82 ནག་ཆུ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལས་བྱེད་ཉེན་རྟོག་པ་530དང་རླངས་འཁོར་100 དྲག་ཆས་ཉེན་རྟོག་ནག་ཆུ་ཉིང་ལག་རུ་ཁག་གིས་དཔོན་དམག་262དང་རླངས་འཁོར་39བཅས་བཏང་ཡོད།

ཚེས་24ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པ་ཏག་ཏག་གི་བར་ལ་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིས་བཀོད་སྒྲིག་བྱས་པའི་གེགས་སེལ་དངོས་རྫས་རིགས་20དང་ཁྱོན་ཁག་60518གཅིག་རྗེས་གཉིས་མཐུད་ངང་གེགས་ཁུལ་དུ་འབྱོར་བ་རེད།
ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས་བཀོད་སྒྲིག་བྱས་པའི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་7000དམིགས་སར་འབྱོར་བ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་ཁྲི་3000འཕྲལ་དུ་གེགས་རྗེས་འཕྲལ་སྡོམ་དང་སླར་གསོ་འཛུགས་སྐྲུན་ལ་བཏང་བ། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཏང་དངུལ་སྒོར་ཁྲི་2500བཏང་ནས་ཡོམ་འགོག་གེགས་སེལ་ལ་རྒྱབ་སྐྱོར་བྱས་པ། ནག་ཆུ་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་དངུལ་སྒོར་དུང་ཕྱུར་3བཏང་ཡོད་པ་རེད།

མིག་སྔར་སྦྲ་ཆེན་རྫོང་གི་ས་ཡོམ་གེགས་ཁུལ་དུ་སྐྱོད་པའི་གཞུང་ལམ་ཨ་མ་ཤར་གཏོང་ཐུབ་པ་དང་། དམར་རུ་ཤང་དུ་གློག་ཡོངས་སུ་སླར་གསོ་བྱུང་བ(བཀོད་སྒྲིག་བྱ་ཡུལ་ཚུད་པ)སྒུལ་བདེའི་གློག་འཕྲིན་གྱི་བརྡ་རྟགས་སྤྱིའི་ཆ་ནས་ཁྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།