ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་མ་ལ་ཝེ་ལི་ལོང་ཀུའེ་ཡི་ཆུ་མཁོ་འདོན་རྣམ་གྲངས་ཀྱིས་ཡུལ་མི་ཁྲི་5ལྷག་ཙམ་གྱི་ཆུ་སྤྱོད་དཀའ་གནད་བསལ་བ།

འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་མ་ལ་ཝེ་ལི་ལོང་ཀུའེ་ཡི་ཆུ་མཁོ་འདོན་མདོང་དྲ་ལེགས་གཏོང་རྣམ་གྲངས་ཀྱི་ཆུ་ཁང་དང་ཆུ་རྫིང་ཡིན་པ།
ཞོགས་པའི་ཉི་གཞོན་ས་གཞི་ཆེན་པོར་འཕྲོ་སྐབས། མ་ལ་ཝེ་ཡི་རྒྱལ་ས་ལི་ལོང་ཀུའེ་ཡི་པེང་ཏ་གྲོང་རྡལ་དུ་གནས་པའི་མ་ལིན་ཀུང་ཏེ་གྲོང་ཚོ་རིམ་བཞིན་འཁྲུག་ཆ་དོད་དུ་ཕྱིན། ཡུལ་མི་འགའ་ཞིག་གིས་ཆུ་ཟོམ་འཁུར་བ་དང་འགའ་ཞིག་གིས་དུང་བན་ཁྱེར་ནས་གཅིག་རྗེས་གཉིས་མཐུད་ངང་གསར་དུ་བསྐྲུན་པའི་ཆུ་ལེན་ས་ཚིགས་སུ་འཛོམས་ཏེ་ཆུ་ལེན་རྒྱུར་སྒུག་ནས་བསྡད། ཡུལ་མི་མཱ་ལི་ཡིས་ཀ་ལའི་གཅུས་སྒོ་བསྒྲིམས་པ་དང་བསྟུན་ནས་དྭངས་ཤིང་གཙང་བའི་ཆུ་དེ་མ་ཉིད་དུ་དོན། ཁོང་གིས“དེ་སྔོན་ང་ཚོ་སྤྱི་ལེ་5ཡི་སར་ཡོད་པའི་གཙང་པོ་ནས་ཆུ་ལེན་པར་འགྲོ་དགོས་ཀྱི་ཡོད། ད་ཆ་གྲོང་ཚོའི་མདའ་རུ་ཡོང་ན་ཆུ་གཙང་མ་ལེན་ཐུབ་ཀྱི་འདུག”ཅེས་དགའ་སྤྲོ་ཆེན་པོས་བརྗོད།
དེ་ནི་ལི་ལོང་ཀུའེ་པེང་ཏ་ཆུ་མཁོ་འདོན་མདོང་དྲ་ལེགས་གཏོང་རྣམ་གྲངས་ཀྱིས་ཡུལ་མིའི་འཚོ་བར་སྦྱིན་པའི་མངོན་གསལ་དོད་པའི་འགྱུར་ལྡོག་ཅིག་རེད། རྣམ་གྲངས་དེ་ནི་ཀྲུང་གོ་གློག་ཤུགས་གྲོང་དོན་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་ཁུར་ཞིང་། 2024ལོའི་ཟླ་2པར་སྐྲུན་འགོ་བཙུགས་པ་དང་། 2025ལོའི་ཟླ་6ཚེས་30ཉིན་ལས་མཇུག་འགྲིལ་ནས་སྤུས་ཚད་འགན་ལེན་དུས་སུ་སླེབས་པ་དང་ཉེ་ཆར་ཞིབ་བཤེར་རྩིས་ལེན་བྱས་པ་ཞིག་རེད། རྣམ་གྲངས་བདེ་བླག་ངང་སྤྱོད་འགོ་ཚུགས་པ་དེས་ས་གནས་དེ་གར་དུས་ཡུན་རིང་པོའི་ནང་འཕྲད་པའི་ཆུ་སྤྱོད་དཀའ་གནད་སེལ་ཐུབ་ཡོད།
མཱ་ལི་ཡི་ནང་མི་སྡོད་སའི་པེང་ཏ་གྲོང་རྡལ་དེ་ལི་ལོང་ཀུའེ་ཡི་གྲོང་འདབས་ཤར་ངོས་ཀྱི་སྤྱི་ལེ་30ལྷག་ཙམ་གྱི་སར་གནས་ཡོད། མ་དངུལ་དང་འཆར་འགོད་སོགས་ཀྱིས་རྐྱེན་པས། དུས་ཡུན་རིང་པོའི་ནང་གནས་དེ་གྲོང་ཁྱེར་གཅིག་སྡུད་རྣམ་པའི་མདོང་དྲའི་ཆུ་མཁོ་འདོན་མ་ལག་གི་ཁོངས་སུ་གཏོགས་ཀྱི་མེད། ད་ཆ། ལི་ལོང་ཀུའེ་པེང་ཏ་ཆུ་མཁོ་འདོན་མདོང་དྲ་ལེགས་གཏོང་རྣམ་གྲངས་ལག་ལེན་བསྟར་བ་དང་བསྟུན་ནས། གསར་དུ་བསྐྲུན་པའི་ཆུ་ཁང་དང་། ཆུ་རྫིང་། དེ་བཞིན་སྤྱི་ལེ་29ཡི་མདོང་དྲ་བཅས་སྤྱོད་འགོ་ཚུགས་པས། ས་ཁོངས་དེ་གྲོང་ཁྱེར་ཆུ་མཁོ་འདོན་དོ་དམ་མ་ལག་ཀྱི་ཁོངས་སུ་འཇུག་འགོ་ཚུགས་ཡོད་པ་རེད།
རྣམ་གྲངས་དེས་ཁྱོན་ཚད་ལྡན་ཅན་གྱི་ཆུ་ལེན་ས་ཚིགས་27བཙུགས་ཡོད་པ་དང་། མིག་སྔར། ས་ཁོངས་དེའི་ཆུའི་ཐོན་ཁུངས་བེད་སྤྱོད་གཏོང་ཚད་85%བར་འཕར་ཞིང་ཆུ་མཁོ་འདོན་བརྟན་པོ་བྱུང་ཚད་98%ཡན་ཟིན་ནས། ཡུལ་མི་ཁྲི་5ལྷག་ཙམ་གྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཐད་ཀར་ཐག་གཅོད་ཐུབ་པ་མ་ཟད། ཉེ་འཁོར་གྱི་རྒྱུན་སྡོད་མི་འབོར་ཁྲི་1.5ལའང་ཕན་པ་ཐོབ་ཡོད།
རྣམ་གྲངས་ཀྱི་ཅིང་ལི་ལི་ཁྲུན་ཧྥེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་བཟུང་། ཀྲུང་གོ་གློག་ཤུགས་གྲོང་དོན་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་ལི་ལོང་ཀུའེ་རུ་སྔ་རྗེས་སུ་ཆུ་མཁོ་འདོན་རྣམ་གྲངས་5ལག་ལེན་བསྟར་བ་རེད། ཐོག་མའི་རྣམ་གྲངས་གཙོ་བོ་ནི་གྲོང་ཁུལ་གཙོ་བོའི་ལྟེ་བའི་ཁུལ་གྱི་མདོང་དྲ་རྙིང་པ་ཉམས་གསོ་བྱས་ཏེ། ཆུ་མཁོ་འདོན་གྱི་གཙོ་ལམ་གཤོང་བར་གཞོལ་ནས་གྲོང་ཁུལ་རྙིང་པའི་མཐའ་མའི་འགག་གནད་སེལ་རྒྱུ་དེ་ཡིན་ཞིང་། ལི་ཁྲུན་ཧྥེང་གིས“པེང་ཏའི་རྣམ་གྲངས་ཀྱིས་ཐེངས་དང་པོར་ཆུ་མཁོ་འདོན་གྱི་གཞི་ཁྱོན་གྲོང་ཁུལ་གཙོ་བོ་ནས་གྲོང་འདབས་སུ་རྒྱ་སྐྱེད་བཏང་སྟེ། དམངས་འཚོའི་ལས་གྲྭ་དེས་ཚོགས་སྤྱི་དེ་བས་མང་བར་ཕན་པ་འདོགས་ཐུབ་པ་བྱས་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།