ཀྲུང་ཕ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་དགོས།
1976ལོའི་ཟླ་10ཚེས་12ཉིན། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་དབར་དངོས་སུ་ཕྱི་འབྲེལ་བཙུགས་ཡོད། ལོ་50ཡི་རིང་། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་འབྲེལ་བ་བརྟན་ལ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་བརྟན་དུ་ཕྱིན་པ། གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ། མི་ཆོས་རིག་གནས་ཀྱི་འབྲེལ་བ་ཉིན་བཞིན་ཟབ་ཏུ་ཕྱིན་པ་བཅས་ལས“ཕན་ཚུན་རྒྱུས་མངའ་ཆེ་ལ་ཉེ་རིང་མེད་པ་དང་ལེ་དབར་ཁྲི་ཡིས་ཆོད་ཀྱང་སྔར་བཞིན་ཁྱིམ་མཚེས་ཡིན་པའི”མཛེས་སྡུག་ལྡན་པའི་ལེའུ་བརྩམས་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་འགྲོ་འོང་ཟབ་ཏུ་ཕྱིན་ནས་ཕྱོགས་གཉིས་པོས་ཚང་མའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། ད་ལོའི་ཟླ་7པར་ཕ་ཕུ་ཡ་ཀུའི་ནེ་ཡ་སྲིད་གཞུང་གིས“ཕ་ཕུ་ཡ་ཀུའི་ནེ་ཡར་བཅའ་སྡོད་ཐའེ་པེ་དཔལ་འབྱོར་དོན་གཅོད་ཁྲུའུ”སྒོ་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་ཕ་ཕུ་ཡ་ཀུའི་ནེ་ཡ་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་དང་ཀྲུང་གོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འདོད་འདུན་བཟང་པོ་གང་ལེགས་མཚོན་ཞིང་། དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་རྒྱུ་མ་ཟད། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་དང་ཐ་ན་འཛམ་གླིང་གི་ཁྱབ་ཁོངས་དེ་བས་ཆེ་བའི་ནང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཐུབ་རྒྱུ་ཡང་རེད།
ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་དངོས་སྒྲུབ་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོར་ཁྲོམ་ར་ཆེན་པོ་དང་སྔོན་ཐོན་གྱི་ལག་རྩལ་ལྡན་པ་དང་། ཕ་ཕུ་ཡ་ཀུའི་ནེ་ཡར་ནུས་རྒྱུ་དང་། གཏེར་ཁ། ཞིང་ནགས་ཉ་སོགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཕྱོགས་གཉིས་པོས་ལེགས་ཆ་གསབ་རེས་བྱས་ཚེ་མཉམ་ལས་ཀྱི་བར་མཐོངས་ཆེན་པོ་ཡོད། ལོ་20ལྷག་ཙམ་གོང་དུ་སྐབས་དེ་དུས་ཧྥུའུ་ཅན་ཞིང་ཆེན་གྱི་ཧྲེང་ཀྲང་ཡིན་པའི་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མའི་སྐུལ་འདེད་འོག་ཕ་ཕུ་ཡ་ཀུའི་ནེ་ཡ་ནི་ཀྲུང་གོའི་ཤ་མོ་གསོ་རྩྭའི་ལག་རྩལ་རྒྱལ་ཕྱིར་དར་སྤེལ་གཏོང་ས་དང་པོར་གྱུར་པ་དང་། རྣམ་གྲངས་དེ་ད་བར་རྒྱུན་མཐུད་གཉེར་སྐྱོང་བྱས་པས་ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་འབྲེལ་བའི་གཏམ་བཟང་ཞིག་ཏུ་གྱུར་ཡོད། ལོ་མང་རིང་ཕྱོགས་གཉིས་པོའི་ཐུན་མོང་འབད་བརྩོན་འོག ཕ་ཕུ་ཡ་ཀུའི་ནེ་ཡ་འདི་ཉིད་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཏུ་ཡོད་པའི་ཀྲུང་གོའི་ཚོང་དོན་རོགས་ཟླ་དང་མ་འཇོག་བྱ་ཡུལ་ཆེ་ཤོས་སུ་གྱུར་པ་དང་། དཔལ་འབྱོར་ཚོང་དོན་དང་། རྨང་གཞིའི་སྒྲིག་བཀོད། ཞིང་ནགས་ཉ་ལས། ནུས་རྒྱུ་གཏེར་རྫས། སློབ་གསོ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་རྒྱལ་ཁབ་གཉིས་པོར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་མི་དམངས་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ལོ་ངོ་100ལྷག་ཙམ་གྱི་གོང་ནས་ཕྱི་ཁོངས་ཀྲུང་གོ་བ་རྒྱ་མཚོ་བརྒལ་ནས་ཕ་ཕུ་ཡ་ཀུའི་ནེ་ཡར་ཡོང་སྟེ་ས་གནས་དེ་གའི་སྡེ་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་མི་ཆོས་རིག་གནས་སྤེལ་རེས་ཉིན་བཞིན་ཟབ་ཏུ་དང་མི་དམངས་དབར་གྱི་མཛའ་གཅུགས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།
ལོ་50ཡི་རིང་། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་དབར་གྱི་རི་མཚོ་བརྒལ་བའི་མཛའ་གྲོགས་ནི་དུས་རབས་ཀྱི་ཚོད་བགམ་ཐེག་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་གཅེས་སྤྲས་བྱེད་རིན་ཡོད་པའི་རྒྱུ་ནོར་ལྟ་བུར་གྱུར་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་ཀྲུང་གོ་ཕྱོགས་ཀྱིས་ཕ་ཕུ་ཡ་ཀུའི་ནེ་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ཕ་ཕུ་ཡ་ཀུའི་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་བརྩམས་ནས་དེ་བས་དམ་ཟབ་ཀྱི་ཀྲུང་གོ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྟོབས་ཤུགས་དེ་བས་ཆེ་བ་ལེགས་སྐྱེས་འབུལ་འདོད་ཡོད།
(རྩོམ་པ་པོ་ཕ་ཕུ་ཡ་ཀུའི་ནེ་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
འབྲེལ་ཡོད་གསར་འགྱུར།