དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་ཉེན་སེལ་གུད་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ།

    མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་ཉེན་སེལ་རོགས་སྐྱོབ་དངོས་ཟོག་དུས་ཚོད་དམ་འཛིན་གྱིས་གཏོང་སྤྲོད་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-25

    གསར་འགོད་པར་ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ས་ཡོམ་གྱི་རིམ་པ་མཐོ་ཞིང་ཡོམ་ཁུངས་གཏིང་ཟབ་པོ་མེད་པས། སྦྲ་ཆེན་རྫོང་དམར་རུ་ཤང་དང་གངས་ཆེན་ཤང་སོགས་ཡོམ་ལྡིག་གི་ས་ཁོངས་གཙོ་བོར་ཡོམ་ཚོར་ཆེན་པོ་བྱུང་ཡོད་པ་རེད། ཟླ་10ཚེས་23ཉིན་གྱི་ཆུ་ཚོད་13བར་མི་16རྐྱེན་ལམ་དུ་ཤོར་བ་དང་། མི་76ལ་རྨས་སྐྱོན་ཕོག་པ། དུད་ཚང་339ཡི་ཁང་པ་བརྡིབས་པ་དང་གཏོར་སྐྱོན་ཕོག་ཡོད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ནས་ས་ཡུལ་དངོས་སུ་ཉེན་སེལ་རོགས་སྐྱོབ་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་གསུམ་གྱི་རོགས་སྐྱོབ་མི་སྣ་སྣ་ཚོགས་ཁྱོན་5000ལྷག་ཙམ་གྱིས་འཚོལ་སྐྱོབ་དང་། སྨན་བཅོས། བཀོད་སྒྲིག མཁོ་སྤྲོད་འགན་ལེན། ཉེན་ཁ་གྲལ་བཤེར་སོགས་ཀྱི་ལས་འགན་ལ་གཞིགས་ཏེ་ཚོགས་ཆུང་དབྱེ་ནས་ལས་དོན་སྒྲུབ་བཞིན་ཡོད་པ་དང་། ཚེས་23ཉིན་གྱི་ཕྱི་དྲོ་བར། གྲོང་ཚོ་རེ་རེ་དང་དུད་ཚང་རེ་རེ་བྱས་ནས་འཚོལ་ཞིབ་ཐེངས་3བྱས་པ་དང་། མང་ཚོགས་12489གནས་སྤོ་བྱས་པ། དམར་རུ་ཤང་གི་གྲོང་ཚོ་གཉིས་པ་སོགས་བཀོད་སྒྲིག་བྱ་ཡུལ་18ལ་གུར་ཕུབ་ཟིན་པ་དང་། དེ་བྱིངས་ཀྱི་བཀོད་སྒྲིག་བྱ་ཡུལ་དུ་གུར་ཕུབ་བཞིན་ཡོད་པ་རེད།

    ཚེས་22ཉིན་གྱི་མཚན་མོ་ནས་ཚེས་23ཉིན་གྱི་ཐོ་རེངས་བར་སྦྲ་ཆེན་རྫོང་དུ་ཡོམ་འཕྲོ་རྒྱུན་མི་ཆད་པར་བརྒྱབ་པ་དང་། ནག་ཆུའི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་མེ་ཟོན་རོགས་སྐྱོབ་སོགས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་དུ་མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་ཉེན་སེལ་གུད་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱེད་བཞིན་ཡོད་པ་རེད།

    ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གེགས་སེལ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ས་ཡོམ་གནོད་འཚེའི་འཕྲལ་སྡོམ་བརྡ་ལན་རིམ་པ་བཞི་པ་ནས་རིམ་པ་གསུམ་པར་སྤར་བ་དང་ལས་དོན་ཚོགས་ཆུང་ཡོམ་ཁུལ་དུ་མཛུབ་ཁྲིད་དང་གཞོགས་འདེགས་བྱེད་པར་མངགས་པ་རེད།

    ས་ཡོམ་བརྒྱབ་རྗེས་རྒྱལ་ཁབ་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཁྱོན་མི་350དང་རླངས་འཁོར་83རོགས་སྐྱོབ་བྱེད་པར་བཏང་ཞིང་། ཚེས་23ཉིན་གྱི་ཆུ་ཚོད་16དང་སྐར་མ་51བར། མི་307དང་། རླངས་འཁོར་67 འཚོལ་སྐྱོབ་ཁྱི་15བཅས་གེགས་ཁུལ་དུ་འབྱོར་ཡོད་པ་དང་། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་མི་40དང་རླངས་འཁོར་15དཔུང་རོགས་ལ་ཡོང་བཞིན་ཡོད་པ་དང་ཚང་མ་ནག་ཆུའི་ཁོངས་སུ་འབྱོར་ཡོད་པ་རེད། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱིས་མཛུབ་ཁྲིད་བྱེད་པའི་རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་རུ་ཁག་2ཀྱི་མི་15དང་རླངས་འཁོར་34ཡིས་མྱུལ་ཞིབ་ཀྱི་མི་མེད་གནམ་གྲུ་དང་། ལྗིད་ཐེག་གི་མི་མེད་གནམ་གྲུ ལྡེབས་དཔྱད་ལེ་ཏཱ་སོགས་སྒྲིག་ཆས་100ལྷག་ཙམ་ཁྱེར་ནས་ས་ཡུལ་དངོས་སུ་བསྐྱོད་པ་རེད།

    འགྲིམ་འགྲུལ་སྐྱེལ་འདྲེན་པུས་ཚེས་23ཉིན་གྱི་ཆུ་ཚོད་9པར། གཞུང་ལམ་འགྲིམ་འགྲུལ་གྱི་ཐོལ་བྱུང་དོན་རྐྱེན་གྱི་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་འགོ་ཚུགས་པ་དང་ལས་དོན་ཚོགས་ཆུང་མངགས་ནས་ས་ཡུལ་དངོས་སུ་བསྐྱོད་པ་རེད། བོད་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་ས་གནས་དེ་གའི་གཞུང་ལམ་སྡེ་ཚན་སྒྲིག་འཛུགས་ཀྱིས་ཤུགས་རྐྱེན་ཐེབས་པའི་ལམ་དུམ་མགྱོགས་མྱུར་གྲལ་བཤེར་བྱས་པ་རེད། ཡོམ་ཁུལ་གྱི་གཞུང་ལམ་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པས་རོགས་སྐྱོབ་རླངས་འཁོར་ཤར་གཏོང་ཐུབ་པ་ལས་སྤྱི་ཚོགས་ཐོག་གི་རླངས་འཁོར་གནས་སྐབས་སྐྱོད་ཆོག་གི་མེད་པ་རེད།

    ཚེས་23ཉིན། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་རང་བྱུང་གནོད་འཚེའི་རོགས་སྐྱོབ་འཕྲལ་སྡོམ་བརྡ་ལན་རིམ་པ་གསུམ་པར་སྤར་བ་དང་། མཉམ་འབྲེལ་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་གནོད་འཚེའི་རོགས་སྐྱོབ་ལས་དོན་ལ་མཛུབ་ཁྲིད་བྱེད་པར་མངགས་པ་རེད། དུས་འགོར་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་5000གཏོང་སྤྲོད་བྱས་པའི་རྨང་གཞིའི་ཐོག་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་བོད་ལ་སྲིང་བལ་གུར་དང་། སྲིང་བལ་གྱི་ཏ་དབྱི། ལྟེབ་ཁྲི་སོགས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་5000གཏོང་སྤྲོད་བྱེད་མང་དུ་བཏང་བ་དང་འབྲེལ་འཕྲལ་སྡོམ་དངོས་ཟོག་སྲིད་གཞུང་དང་སྤྱི་ཚོགས་ཀྱིས་མཉམ་དུ་འགན་ལེན་བྱེད་པའི་ལམ་སྲོལ་ལག་ལེན་བསྟར་ནས་སྤོ་བདེའི་གསང་སྤྱོད་དང་ལྕགས་ཐབ་སོགས་དངོས་ཟོག་ཁྲི་4.3དུས་ཐོག་ཏུ་གཏོང་སྤྲོད་བྱས་པ་རེད།

    ཚེས་23ཉིན་གྱི་ཆུ་ཚོད་4པའི་བར་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིས་བཀོད་སྒྲིག་བྱས་པའི་གེགས་སེལ་དངོས་ཟོག་གེགས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་བའི་ནང་སྟབས་བདེའི་ཁང་པ་1000དང་། གུར་3239 ལྟེབ་ཁྲི་2821 ཕོ་ཁེབས་4280སོགས་ཡོད་པ་རེད།

    ཚེས་23ཉིན་གསར་འགོད་པར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཆུ་བེད་པུས་ཆུ་བེད་ཡོམ་འགོག་གེགས་སེལ་གྱི་བཀོད་གཏོང་བཀོད་འདོམས་ལམ་སྲོལ་འཕྲལ་མར་ལག་ལེན་བསྟར་བ་དང་། ཀྲུང་གོ་ས་ཡོམ་ཅུས་ཀྱིས་རིམ་པ་གཉིས་པའི་ས་ཡོམ་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་འགོ་བཙུགས་ཏེ་ལས་སྒོའི་རྐང་འཛིན་པ་72ཀྱིས་ཆེད་ལས་སྒྲིག་ཆས་ཁྱེར་ནས་མཚན་མོ་དེ་རང་ལ་ཡོམ་ཁུལ་དུ་སྐོར་སྐྱོད་ལྟ་ཞིབ་ཚད་ལེན་དང་གནོད་འཚེའི་གནས་ཚུལ་བརྟག་དཔྱད་སོགས་བྱེད་པར་མངགས་ཤིང་། ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། ད་ཐེངས་སྦྲ་ཆེན་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ་7.0ནི་བྲག་རིམ་འཐེན་ནས་གས་པ་ཞིག་ཡིན་པས་བརྒྱབ་ཟིན་པའི་ཡོམ་ཁུལ་དང་དེ་བཞིན་ཉེ་འགྲམ་ས་ཁུལ་དུ་ཉེ་བའི་ཉིན་འགའི་རིང་སྔར་བཞིན་ཡོམ་ཚོར་ལྡན་པའི་ས་ཡོམ་རྒྱག་པའི་ངེས་པ་ཡོད་པ་རེད། ཚེས་23ཉིན་གྱི་ཆུ་ཚོད་10ཙམ་ལ། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་ས་ཡོམ་གནོད་འཚེའི་གནམ་གཤིས་ཞབས་ཞུ་འགན་ལེན་གྱི་དམིགས་བསལ་ལས་དོན་སྤེལ་འགོ་ཚུགས་ཡོད། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འགན་བཅོལ་ལས་རིགས་ཀྱི་རིམ་པ་གསུམ་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་ལག་ལེན་བསྟར་འགོ་ཚུགས་ཡོད། ཀྲུང་གོ་ཨན་ནེང་གིས་བོད་ལྗོངས་ལྷ་ས་དང་ཉིང་ཁྲི་ཕྱོགས་གཉིས་ནས་ཆེད་ལས་རོགས་སྐྱོབ་སྟོབས་ཤུགས་འཕྲལ་དུ་ཡོམ་ལྡིག་ཕྱོགས་སུ་སྐབས་བསྟུན་ལས་དོན་སྒྲུབ་པར་མངགས་ཡོད།

    ཚེས་23ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་ཁྲི་3000འཕྲལ་མར་བཀོད་སྒྲིག་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སོགས་གེགས་རྗེས་འཕྲལ་སྡོམ་སླར་གསོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། ཚེས་23ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་བོད་ལ་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི་5000འཕྲལ་དུ་སྤྲད་ཡོད། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་འབྲེལ་ཡོད་སི་དང་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་པའི་རྒྱལ་ཁབ་རིམ་པའི་རིགས་གཅིག་མཁས་ཅན་འཕྲལ་མར་གེགས་ཁུལ་དུ་མངགས་ཡོད། ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་མཛོད་ཀྱི་དངུལ་འགྲུལ་སྒྱུར་གཏོང་གི“ལྗང་མདོག་བགྲོད་ལམ”བཏོད་ཡོད། འཛུགས་སྐྲུན་དངུལ་ཁང་དང་ཞིང་ལས་དངུལ་ཁང་གིས་འཕྲལ་མར་ཡོམ་འགོག་གེགས་སེལ་གྱི་འཕྲལ་སྡོམ་ལམ་སྲོལ་ལག་ལེན་བསྟར་ཡོད། ཀྲུང་གོ་རྒྱ་གྲམ་དམར་པོ་སྤྱི་ཁྱབ་ལྷན་ཚོགས་ཀྱིས་འཕྲལ་མར་གནོད་འཚེ་ཕོག་ཁུལ་དུ་མུག་སྐྱོབ་ཀྱི་ཁྱིམ་ཚང་ཁུག་མ་དང་། འཕྲོད་བསྟེན་ཁུག་མ། ལྕགས་ཐབ་སོགས་གེགས་སེལ་དངོས་ཟོག་3800(ཆ་ཚང)སྤྲད་པ་དང་། དེ་རྗེས་འཕྲལ་སྡོམ་གསང་སྤྱོད་50ཁ་སྣོན་དུ་སྤྲད་ཡོད། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པས་འཕྲལ་དུ་ནག་ཆུའི་གེགས་ཁུལ་ལ་གེགས་སེལ་མ་དངུལ་སྒོར་ཁྲི་300སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།