ས་ཡོམ་ཁྲོད་གྲོངས་མཁན་ལ་མྱ་ངན་ཞུས་པ་མ་ཟད། ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་སྔར་བས་བཀོད་སྒྲིག་བྱས་པ།
ཟླ་10ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཏེ། རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་སྔར་བས་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཚོགས་འདུ་མ་འཚོག་གོང་། ཚོགས་ཞུགས་བློ་མཐུན་ཡོངས་ཀྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཚོགས་ཞུགས་བློ་མཐུན་ཡོངས་ཀྱིས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་ཁྲོད་དུ་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུ་བ།
ཚོགས་འདུར་བསྟན་དོན། ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་གནང་ནས་འཕྲལ་མ་ཉིད་དུ་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། བླང་བྱ་ཡང་ཁ་གསལ་བཏོན་གནང་བ་དང་། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱིས་མཆན་བཀོད་མཛུབ་སྟོན་གནང་བ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་གནོད་འཚེ་ཕོག་ཁུལ་མི་དམངས་ལ་ཐུགས་ཁུར་གང་ལེགས་གནང་བ་མཚོན་གྱི་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་མགྱོགས་པོ་དང་བྱ་སྤྱོད་མྱུར་པོ་སྤེལ་ནས་རིམ་ཁག་སྡེ་ཚན་ཁག་སྒྲིག་འཛུགས་ཀྱིས་འཕྲལ་མ་ཉིད་དུ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་བ་དང་། རིགས་ཁག་གི་སྟོབས་ཤུགས་ཛ་དྲག་ངང་རོགས་སྐྱོར་བྱེད་པར་བཏང་ནས། ཡོམ་འགོག་གེགས་སེལ་གྱི་ལས་དོན་གོ་རིམ་ལྡན་ཞིང་ཕན་འབྲས་ཐོན་པའི་ངང་སྤེལ་བས། གནོད་འཚེ་ཕོག་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་བྱུང་ཡོད།
ཚོགས་འདུར་ནན་བཤད་བྱས་དོན། མིག་སྔར་ཡོམ་འགོག་གེགས་སེལ་གྱི་ལས་དོན་བར་བརྒལ་བཀོད་སྒྲིག་གི་འགག་རྩའི་དུས་སུ་སླེབས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས་ཤིང་། འཕྲལ་སྡོམ་དང་ཕུགས་ཕན་ལམ་སྲོལ་ཟུང་འབྲེལ་མཐའ་འཁྱོངས་དང་། གེགས་སེལ་དང་འཕེལ་རྒྱས་ཕན་ཚུན་སྤྱི་འདོམས། ཕྱོགས་གཅིག་ནས་རྗེས་འཇུག་བཀོད་སྒྲིག་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན། ཕྱོགས་གཅིག་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་འཇོན་ཐང་ཆེ་རུ་གཏོང་བར་དམ་འཛིན་བཅས་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་སྒོ་ནས་དགུན་ཁ་སྒྲོལ་ཐུབ་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པར་བྱས་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་དགོས་ཤིང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཡོང་བ་དང་། རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ། ཚན་རིག་དང་མཐུན་པའི་སྒོ་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་བ་བཅས་བྱས་ཏེ་མི་ཚང་མར་འགན་འཁྲི་ཡོད་པ་དང་ཚང་མས་འགན་འཁྲི་འཁུར་ཐུབ་པའི་འགན་ལེན་བྱེད་དགོས། ལས་ཀའི་བྱ་ཐབས་དོན་འཁྱོལ་བྱེད་དགོས་ཤིང་། ནུས་ཤུགས་ཡོད་རྒུས་རྨས་སྐྱོན་ཕོག་པའི་མང་ཚོགས་མུ་མཐུད་སྐྱོབ་བཅོས་དང་། གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་བཟོ་བ། རྐྱེན་ལམ་དུ་ཤོར་མཁན་གྱི་རྗེས་འཇུག་དང་ནང་མིར་གཟིགས་སྐྱོང་ཡག་པོ། རོགས་སྐྱོབ་སྲིད་ཇུས་ཁག་དོན་འཁྱོལ་བྱས་ནས་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ཀྱི་ཞབས་ཞུ་དོ་དམ་དང་། འཚོ་བ་འགན་ལེན། འཕྲོད་བསྟེན་རིམས་འགོག སེམས་གསོ་གཏོང་བ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་བློ་བདེ་པོ་དང་དྲོ་སྐྱིད་ཚོར་བ་བྱེད་དགོས། གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཤིང་། གནོད་འཚེའི་གྱོང་གུན་དཔྱད་དཔོག་དང་གཏན་འཁེལ་ཡག་པོ་བྱེད་པ་དང་། ས་ཆ་འདེམས་པ་དང་། ཡོམ་འགོག་ཐུབ་པ། སྤུས་ཚད་འགན་ལེན་བཅས་ལ་འབྲེལ་ཡོད་ཀྱི་ཚད་གཞི་ལྟར་ལག་ལེན་ནན་པོ་བསྟར་བ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ། སྡོད་ཁང་གི་བདེ་འཇགས་དང་། བྱེད་ནུས་བེད་སྤྱོད། ས་གནས་ཀྱི་རྣམ་པ་བཅས་ལ་བསམ་བློ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་ཁང་པའི་བཟོ་ལྟ་སྣ་ཚོགས་ཇུས་བཀོད་བྱས་ཏེ་མང་ཚོགས་ལ་གདམ་ག་བྱེད་དུ་འཇུག་པ། “གཅིག་དཔེ་བརྒྱ་འགེབས”མི་བྱེད་པར་སྡོད་ཁང་བསྐྱར་སྐྲུན་དེ་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དམངས་སེམས་འདུ་འགོད་དུ་དངོས་འབྲེལ་འགྱུར་བར་བྱེད་དགོས། གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱེད་དགོས་ཤིང་། གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་ཆེན་པོ་དང་བཅོས་སྒྲིག་བྱས་ཏེ་སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་སོགས་མི་སྣ་འདུ་འཛོམས་ཆེ་ས་དང་སྡོད་ཁང་རྙིང་པའི་ཡོམ་འགོག་གི་མངོན་མེད་རྐྱེན་ངན་གཙོ་གནད་ཐོག་གྲལ་བཤེར་དང་། ས་གཤིས་གནོད་འཚེའི་ཉེན་ཁ་ཡོད་པའི་ས་ཆར་གྲལ་བཤེར། ཡོམ་འགོག་སྡོད་ཁང་འཛུགས་སྐྲུན་དང་ད་ཡོད་ཁང་པའི་ཡོམ་འགོག་བརྟན་གཏོང་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་གནས་གཅིག་གྲལ་བཤེར་དང་། གནས་གཅིག་བཅོས་སྒྲིག གནས་གཅིག་བདེ་འཇགས་བཅས་ཡོང་བ་བྱེད་དགོས། ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་། གྲངས་འཛིན་ལག་རྩལ་ལ་བརྟེན་ནས་ས་ཡོམ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ས་ཡོམ་གྱི་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་དངོས་ཟོག་གྲབས་གསོག་ཡག་པོ། འཕྲལ་སྡོམ་ནང་སྦྱོང་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། གནོད་འགོག་གནོད་འཕྲི་གུད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། དྲིལ་བསྒྲགས་ལས་དོན་ཏན་ཏིག་སྒྲུབ་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ་དང་། རྨས་མ་སྐྱོབ་བཅོས་དང་། ཉེན་སེལ་གུད་སྐྱོབ་ཀྱི་དངོས་ཟོག་གཏོང་སྤྲོད། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་སོགས་ཀྱི་ལས་དོན་ཡག་པོ་སྤེལ་བ། མི་སེམས་གཅིག་སྒྲིལ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་ནས་གེགས་སེལ་ལས་དོན་ལ་སྐུལ་འདེད་བཏང་སྟེ་གང་སར་དྲང་ནུས་ཀྱིས་ཁེངས་པ་བྱེད་དགོས། གེགས་སེལ་གྱི་སྒྲིག་ཁྲིམས་ནན་དུ་གཏོང་དགོས་ཤིང་། སྟོབས་ཤུགས་གཅིག་ཏུ་སྡུད་ནས་ཡོམ་འགོག་གེགས་སེལ་ལ་ཞབས་འདེགས་ཞུ་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱིས་གཞི་རིམ་ལ་རྙོག་དྲ་བཟོ་བ་དང་གནོད་འཚེ་ཕོག་ཁུལ་དུ་ཁུར་པོ་ལྕི་རུ་གཏོང་བར་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ། གནོད་འཚེ་ཕོག་ཁུལ་གྱི་ལས་བྱེད་པ་མང་ཚོགས་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་དང་སེམས་ནུས་གཅིག་སྒྲིལ་གྱིས་ལས་དོན་ཁག་ཡག་པོ་སྒྲུབ་ཐུབ་པ་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།