དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས།

    བརྩེ་སེམས་རོགས་སྐྱོབ་ལ་བརྟེན་ནས་གྲོང་ཁྱེར་གྱི་དྲོ་སྐྱིད་བརྒྱུད་སྤྲོད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-25

    ད་ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས“མི་རྩ་བར་འཛིན་པ་དང་། རང་འགུལ་རོགས་སྐྱོབ། གནད་སྨིན་སྐྱོབ་བཅོས། ཕ་ཡུལ་དུ་སྲུང་སྐྱེལ། བཀོད་སྒྲིག་རོགས་སྐྱོར”བཅས་ཀྱི་ལས་ཀའི་ཚད་གཞི་ནན་པོར་བསྲུངས་ཐོག ཁྲོམ་གཞུང་དང་སྲང་ལམ་དུ་བསྐྱོད་དེ་གྲལ་བཤེར་དང་འཚམས་འདྲི་བྱས་ཏེ་རང་འགུལ་ངང་ཤེས་རྟོགས་དང་སྔོན་ཚུད་རོགས་སྐྱོར་བྱས་ཏེ། བརྩེ་སེམས་ལ་བརྟེན་ནས་དཀའ་ངལ་འཕྲད་པའི་ཕྱོགས་མིར་རོགས་སྐྱོབ་བྱེད་པ་དང་། དཀའ་ཉེན་གྱི་གནས་སུ་གྱར་བའི་མི་རྣམས་ལ་དྲོ་སྐྱིད་ལྡན་པའི་བསྟི་གནས་ཤིག་བསྐྲུན་ཡོད་པ་རེད།

    རོགས་སྐྱོབ་ལས་དོན་སྒྲུབ་སྐབས། རོགས་སྐྱོབ་ས་ཚིགས་ཀྱི་ལས་དོན་པ་ཚོས་རང་འགུལ་ངང་སྐོར་འདྲི་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རོགས་རམ་བྱེད་དགོས་པའི་ཕྱོགས་མི་དག་དུས་ཐོག་ཏུ་ཤེས་རྟོགས་བྱས་ཐོག“མི་རེར་ཡིག་ཚགས་རེའི”གནད་སྨིན་རྩིས་ཁྲ་བཟོས་ནས། རོགས་རམ་བྱེད་དགོས་རིགས་ཚང་མ་ཤེས་རྟོགས་ཐུབ་པར་བྱས་ཡོད།

    བཟའ་སྡོད་ལྟ་སྐྱོང་དང་། བདེ་ཐང་བརྟག་བཅོས། སེམས་གསོ་གཏོང་བ། ནང་མིར་འབྲེལ་གཏུག ཕ་ཡུལ་དུ་སྲུང་སྐྱེལ། རྗེས་མཐུད་བཀོད་སྒྲིག་སོགས་འཁོར་འབྲེལ་ཧྲིལ་པོའི་རོགས་སྐྱོར་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། བརྩེ་བས་ཕྱུག་པའི་བྱེད་ཐབས་རེ་རེ་ལས་ཡུལ་གཞན་དུ་འཁྱར་བའི་ཕྱོགས་མི་དག་སླར་ཡང་སོ་སོའི་གཉེན་ཉེའི་གམ་ལ་ལོག་ཐུབ་པར་བྱས་ནས། དཀའ་ངལ་ཡོད་པའི་མི་རྣམས་ལ་རེ་བའི་འོད་སྣང་སྦྱིན་ཡོད།

    ཕ་ཡུལ་དུ་ལོག་པ་ནི་ཡུལ་གཞན་དུ་འཁྱར་མཁན་ཚོའི་བསམ་འདུན་བབ་ཆགས་ཤོས་དེ་ཡིན་ཞིང་། ཐོབ་ཐང་ཁ་གསལ་ཡོད་པའི་རོགས་སྐྱོབ་བྱ་ཡུལ་དག་ལ་མཚོན་ན། རོགས་སྐྱོབ་ས་ཚིགས་ཀྱིས་སྔོན་ལ་ཕ་ཡུལ་དུ་ལོག་པའི་སྤ་སེ་ཉོ་རོགས་བྱེད་ཀྱི་ཡོད། ཐོབ་ཐང་གསལ་པོ་མེད་པའི་རིགས་ལ། རོགས་སྐྱོབ་ས་ཚིགས་ཀྱིས་སྤྱི་བདེའི་གྲངས་གཞི་ཆེན་པོ་དང་ངོ་རིས་དབྱེ་འབྱེད་ལག་རྩལ་ལ་བརྟེན་ནས་ཁོང་ཚོའི་རུས་མིང་དང་ཕ་ཡུལ་ཤེས་ཐབས་བྱེད་ཀྱི་ཡོད། ད་ལོ་ཚུན་དུ། མི་76ལ་ལམ་ཐག་ཧྲིལ་པོར་སྲུང་སྐྱེལ་བྱས་ནས་ཕ་ཡུལ་དུ་བསྐྱལ་བ་དང་། ཕ་ཡུལ་དུ་ལོག་པའི་སྤ་སེ་346ཉོ་རོགས་བྱས་ཡོད། གྲངས་གཞི་འདི་དག་ནི་ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱི་ལས་དོན་པས་རི་ཀླུང་མང་པོ་བརྒལ་ནས་སྲུང་སྐྱོང་བྱེད་པའི་མཚོན་བྱེད་ཙམ་ཡིན། དེ་དང་ཆབས་ཅིག རོགས་སྐྱོབ་ས་ཚིགས་ཀྱིས་ད་དུང་ས་ཆ་མང་པོ་དང་འབྱུང་རྩ་ནས་བཅོས་སྒྲིག་བྱེད་པའི་གྲོས་མཐུན་བཞག་སྟེ་རོགས་སྐྱོར་བྱ་ཡུལ་ཁྱིམ་དུ་བསྐྱལ་བ་མ་ཟད། ད་དུང་རྗེས་མཐུད་ཀྱི་རོགས་སྐྱོར་བྱས་ཏེ་ཕྱོགས་མི་དག“ཕྱིར་ལོག་ཐུབ་པ་དང་། གནས་ཐུབ་པ། འཚོ་བ་ཡག་པོ་ཡོད་པ”བཅས་ཡོང་བར་བྱས་ཡོད།

    ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས“རོགས་སྐྱོབ་རེ་ཞུ་བྱེད་ས་ཡོད་པ་དང་། དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ། སྲུང་སྐྱེལ་ཚད་ལྡན་དུ་གཏོང་བ”བཅས་ཀྱི་གདུབ་ཟུམ་ཞབས་འདེགས་ཞུས་ཏེ། སྨན་པ་བསྟེན་དཀའ་བ་དང་། ཕ་ཡུལ་དུ་ལོག་དཀའ་བ། བཀོད་སྒྲིག་བྱེད་དཀའ་བ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པས། གྲོང་ཁྱེར་གྱི་ཤེས་དཔལ་རང་མདངས་དེ་བས་མངོན་པ་མ་ཟད། དམངས་འཚོ་ཐ་སྐྱོང་གི་འགོག་སྲུང་འཛིང་རགས་ཀྱང་བརྟན་དུ་བཏང་ཡོད། ལྷ་ས་གྲོང་ཁྱེར་རོགས་སྐྱོབ་དོ་དམ་ས་ཚིགས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚེ་སྲོག་ཚང་མར་རོགས་སྐྱོབ་བྱེད་རིན་ཡོད་པ་དང་། རོགས་སྐྱོབ་བྱེད་ཐེངས་རེ་རེ་ནི་བརྩེ་སེམས་མངོན་ཐེངས་རེ་རེ་ཡིན་པ་ར་སྤྲོད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།