དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བྱ་སྤྱོད་དངོས་ནས་གདུང་བའི་སེམས་པ་མཚོན། འགན་འཁྲི་ཁུར་ནས་རིན་ཆེན་ཚེ་སྲོག་སྲུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |     སྤེལ་དུས།  2026-10-25

    ཟླ་10ཚེས་22ཉིན། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་ཡང་གནང་སྟེ། མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།

    གློ་བུར་ས་ཡོམ་དྲག་པོ་བརྒྱབ། མི་ལུས་རིན་ཆེན་གསེར་ལས་ལྷག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བཀོད་སྒྲིག་གལ་ཆེན་དེ་ཉེན་སེལ་རོགས་སྐྱོབ་ཀྱི་ཞིབ་ཕྲའི་བྱ་ཐབས་སུ་བརྩིས་ནས་འཕྲལ་མར་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོས་མཚན་མོ་དེ་རང་ལ་གེགས་ཁུལ་གྱི་འཐབ་ས་དང་པོར་བསྐྱོད་དེ་ས་ཡུལ་དངོས་སུ་བཀོད་འདོམས་གནང་ནས“སེམས་ཁྲལ་བྱེད་མི་དགོས། ཏང་དང་སྲིད་གཞུང་གིས་ཚང་མར་ལྟ་རྟོག་ཡག་པོ་བྱེད་ཀྱི་རེད”ཅེས་པའི་གསུང་སྒྲ་འདི་ཞུམ་མེད་སྟོབས་དང་ལྡན་པ་ཞིག་རེད།

    གནོད་འཚེ་ལས་མི་སེམས་ལ་སྐུལ་མ་ཟབ་མོ་ཐེབས། རོགས་སྐྱོབ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད། རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་འཕྲལ་སྡོམ་སྟོབས་ཤུགས་ཀྱིས་འཕྲལ་མར་མཉམ་དུ་བྱ་སྤྱོད་སྤེལ་བ་དང་། སྤྱི་བདེ་དང་། མེ་ཟོན། དྲག་ཆས་ཉེན་རྟོག སྨན་བཅོས། འགྲིམ་འགྲུལ། གློག་ཤུགས་སོགས་ཕྱོགས་ཁག་གི་རོགས་སྐྱོབ་དཔུང་ཁག་གིས་ཉིན་མཚན་མེད་པར་རོགས་སྐྱོར་ལ་བསྐྱོད་པ། ལྗོངས་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་མདུན་ཕྱོགས་སུ་བཀོད་འདོམས་དང་ལུས་པོ་ཚུགས་ནས་དངོས་སྒྲུབ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་གདོང་དམག་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་དཔའ་ངར་ཆེར་སྐྱེད་ཀྱིས་གདོང་མཆོང་བྱེད་པ། གཞི་རིམ་རྩ་འཛུགས་ཀྱིས་ས་ཡུལ་དངོས་སུ་བཀོད་འདོམས་བྱེད་པ་དང་འཕྲལ་རྒོལ་རུ་ཁག་སྒྲིག་འཛུཌ་བྱས་ནས་གེགས་འགོག་རང་སྐྱོབ་བཅས་བྱས་དང་བྱེད་མུས་རེད།

    བྱ་སྤྱོད་དངོས་ནས་གདུང་བའི་སེམས་པ་མཚོན། འགན་འཁྲི་ཁུར་ནས་རིན་ཆེན་ཚེ་སྲོག་སྲུང་། མྱུར་སྐྱོབ་རླངས་འཁོར་དང་། མེ་གསོད་རླངས་འཁོར། དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་བཅས“ཚེ་སྲོག་གི་བགྲོད་ལམ”དུ་བྲེལ་བས་ཁེངས་ཤིང་། སྦྲ་གུར་དང་། གྱོན་གོས། ཉལ་ཁྲི། ཕོ་ཁེབས། བཟའ་བཅའི་སྒམ་བཅས་རེ་རེ་བཞིན་གེགས་ཁུལ་དུ་འབྱོར་བའི་བར་དང་། མཚན་མོ་དེ་རང་དུ་གཞུང་ལམ་སྤྱི་ལེ་ཆིག་སྟོང་ལྷག་ཙམ་ལ་གྲལ་བཤེར་དང་ཆུ་ཚོད་གསུམ་ནང་རྡོ་ཟགས་མང་བའི་ལམ་དུམ་ཤར་གཏོང་བྱེད་མཁན་གཞུང་ལམ་བདག་སྐྱོང་བ་ནས་ས་ཡོམ་བརྒྱབ་རྗེས་ཆུ་ཚོད་བཞི་ཡང་མ་འགོར་བར་མང་ཚོགས་སྐྱོབ་མཁན་མེ་གསོད་དཔོན་དམག་བར། དུས་ཚོད་དང་འགྲན་རྩོད་བྱེད་པའི་འཆི་གསོན་རོགས་སྐྱོབ་འདིའི་ཁྲོད་རང་འགུལ་ངང་རེ་ཞུ་བྱེད་ཕོད་པ་དང་ཉེན་ཁའི་ཕྱོགས་སུ་སྐྱོད་པའི་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་ཡོད་པ་ལས་ཐེ་ཚོམ་གྱིས་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད། གདུང་སེམས་མཐའ་དག་མྱུར་ཤོས་དང་། གཅིག་གྱུར། ནུས་ལྡན་བཅས་ཀྱི་བྱ་སྤྱོད་དུ་གྱུར་པ་དང་། འགན་འཁྲི་ཚང་མ་ནུས་ཤུགས་ཡོད་རྒུས་ཚེ་སྲོག་ཡག་པོ་སྲུང་བའི་དམིགས་ཚད་གཅིག་ལ་ཕྱོགས་ཡོད།

    ས་ཡོམ་བརྒྱབ་རྗེས། ཀྲུང་དབྱང་པུའུ་ཨུད་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་མི་རྒྱུ་དངོས་གསུམ་གྱི་རྒྱབ་སྐྱོར་གང་མགྱོགས་བྱས་པ་དང་། མི་དམངས་བུ་ཕྲུག་དམག་གིས་བཀའ་འབྱོར་འཕྲལ་སྒྲུབ་དང་མགྱོགས་མྱུར་རོགས་སྐྱོར་བྱེད་པར་བསྐྱོད་པ། ལྗོངས་ཕྱི་ནང་གི་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་སྟེ་ཕྱོགས་བཞི་མཚམས་བརྒྱད་ནས་བྱང་ཐང་ལ་གཅེས་སེམས་ཟབ་མོ་བཅངས་ལུགས་མཚོན་པར་བྱས་ཡོད། དིང་རི་དང་སྐྱིད་གྲོང་། སྦྲ་ཆེན་ལ་གེགས་བར་འཕྲད་སྐབས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ”ཞེས་པའི་ཡི་གེའི་དོན་སྙིང་གཏིང་ཟབ་ཚོར་བར་བྱས་པ་དང་། ལམ་ལུགས་ཀྱི་སྟོབས་ཤུགས་ཆེན་པོ་ལས་མངོན་པའི་བློ་ཁ་ཕྱོགས་ནུས་དང་གོང་བུ་འགྲིལ་ཤུགས་ཆེན་པོ་ཚོར་བར་བྱས་པ། ཉེན་སེལ་རོགས་སྐྱོབ་བྱེད་རིང་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི“ཀྲུང་གོའི་སྟོབས་ཤུགས”ཚོར་བར་བྱས་པ། དཀའ་ངལ་དང་ཉེན་ཁ་ཁྱད་བསད་བྱེད་པར་རྒྱལ་ཁབ་དང་སྤུན་ཟླས་སྦྱིན་པའི་གདེང་ཚོད་དང་ཡིད་ཆེས་ཆེན་པོ་ཚོར་བར་བྱས་ཡོད་པ་རེད།

    མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་ཞིང་། མི་དམངས་ཀྱི་གཙོ་འཛིན་གྱིས་ཐུགས་ཁུར་དང་། མགྱོགས་མྱུར་གྱི་རོགས་སྐྱོབ་བྱ་སྤྱོད། འཐུས་སྒོ་ཚང་བའི་འཕྲལ་སྡོམ་ལམ་སྲོལ། བསྡུ་སྒྲིལ་གྱི་ནུས་པ་ཆེན་པོ། ཀྲུང་ཧྭ་མི་རིགས་ཀྱི་ལྟ་རེས་སྐྱོང་རེས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་བཅས་ཀྱིས་བོད་བྱང་ཐང་ས་མཐོར་ཉེན་སེལ་རོགས་སྐྱོབ་བྱེད་པར་གདེང་ཚོད་ཆེ་ཤོས་དང་འགན་ལེན་བརྟན་ཤོས་སྤྲད་ཡོད་པ་རེད།

    མིག་སྔར་ཡོམ་འགོག་གེགས་སེལ་དེ་འགག་རྩའི་དུས་སུ་སླེབས་ཡོད་པས་གལ་ཆེ་ཤོས་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བླང་བྱ་གཞིར་བཟུང་ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ། ཞོར་ཐོན་གནོད་འཚེ་དོགས་ཟོན་དམ་ཟབ་བཅས་བྱས་ཏེ། དེ་བས་ནུས་ལྡན་དང་དེ་བས་ཚན་རིག་དང་མཐུན་པའི་བྱེད་ཐབས་ལ་བརྟེན་ནས་ཡོམ་འགོག་གེགས་སེལ་གྱི་དམག་འཐབ་དྲག་པོར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་དེ་ཡིན།

    ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གདོང་མཆོང་མདུན་སྐྱོད་དང་འགན་འཁྲི་ཁུར་ཕོད་པ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་རྟེན་ས་ཞིག་བྱེད་དགོས་པ་དང་། གྲོང་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་རུ་ཁག་གིས་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ། ཡོམ་འགོག་གེགས་སེལ་གྱི་གདོང་མཆོང་རུ་ཁག་བྱེད་དགོས་པ། རིམ་ཁག་ཏང་ཨུད་རྩ་འཛུགས་དང་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་ཧུར་ཐག་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་སྲ་ཞིང་བརྟན་པའི་རྒྱབ་རྟེན་བྱེད་དགོས།

    ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལ་བརྟེན་པ་དང་། ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་འདོན་པ། རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་འདོན་པ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་ཁྲལ་སེལ་གཏན་ནས་མི་བྱེད་པ། ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཚེ། གདུང་སེམས་ཚང་མ་ཚེ་སྲོག་སྲུང་བའི་བྱ་སྤྱོད་དངོས་ལ་འགྱུར་ངེས་ཡིན་པ་དང་། འབད་བརྩོན་ཚང་མ་གནོད་འཚེ་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཆེན་པོར་གཅིག་སྡུད་ཐུབ་ངེས་ཡིན་པ། བློས་གཏོང་ཚང་མ་ཁྱིམ་གཞིས་བསྐྱར་སྐྲུན་གྱི་རྨང་རྡོ་བརྟན་པོར་འགྱུར་ངེས་ཡིན་པ་བཅས་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།