རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་ཤུགས་ཡོད་རྒུས་འོད་སྟོང་གསར་པ་གཏོད་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།
ཟླ་10ཚེས་22ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་སྙིང་སྟོབས་རླབས་པོ་ཆེ་རྒྱུན་འཛིན་བྱེད་པ་འདི་ནི་མི་དམངས་དུང་ཕྱུར་མང་པོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་དཔའ་མཛངས་རྟུལ་ཕོད་མདུན་སྐྱོད་བྱེད་པར་སྐུལ་སློང་ནུས་ལྡན་བྱས་པ་ཞིག་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་འདུས་པའི་ཏང་དང་མི་དམངས་དམག་དཔུང་གི་ཞུམ་མེད་མདུན་སྐྱོད་ཀྱི་རྣམ་པར་རྒྱལ་བའི་ཐབས་མཆོག་གསལ་སྟོན་གཏིང་ཟབ་གནང་སྟེ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་ཐད“ངེས་པར་དུ་བྱེད་དགོས་པ་ལྔའི”བླང་བྱ་ཁ་གསལ་བཏོན་གནང་བ་དང་། “གསར་བརྗེ་པ་རྒན་རབས་ཚོས་བཏོད་པའི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ནུས་ཤུགས་ཡོད་རྒུས་འོད་སྟོང་གསར་པ་གཏོད་དགོས”པའི་འབོད་སྐུལ་གནང་བ་ལས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་དུས་རབས་ཀྱི་ལས་འགན་ལྕི་པོ་འཁུར་ཕོད་པའི་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཚད་མཐོའི་རང་རྟོགས་དང་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མངོན་ཡོད།
དམར་དམག་རྒྱང་སྐྱོད་དཀའ་བར་ག་ལ་སྐྲག ཆུ་ཁྲི་རིང་སྟོང་བརྒལ་རྒྱུ་སྣང་མེད་བཞག
ལོ་ངོ་90ཡི་གོང་། རང་རེའི་ཏང་གིས་ཀྲུང་གོ་བཟོ་ཞིང་དམར་དམག་གི་འགོ་ཁྲིད་དེ་འཛམ་གླིང་ལ་གཡོ་འགུལ་ཐེབས་པ་དང་མཛད་རྗེས་ལོ་རྒྱུས་སུ་འཁོད་པའི་རྒྱང་སྐྱོད་བྱས་ཡོད། རྒྱལ་ཁ་རླབས་པོ་ཆེ་འདི་ལས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་གེགས་བར་ནས་རྒྱལ་ཁའི་ཕྱོགས་སུ་ཁ་ཕྱོགས་རླབས་པོ་ཆེ་འགྱུར་ཐུབ་པ་དང་།ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་རང་བཙན་དང་མི་དམངས་ལ་བཅིངས་འགྲོལ་གཏོང་ཆེད་འཐབ་རྩོད་བྱེད་པའི་དཔུང་སྐྱོད་རླབས་པོ་ཆེ་གསར་པ་འགོ་བརྩམས་ཤིང་། འདི་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བརྗིད་ཉམས་ལྡན་པའི་མཛད་རྗེས་རྡོ་རིང་ཞིག་རེད།
ལོ་ངོ་90ཡི་རིང་། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་རྒྱང་སྐྱོད་རླབས་པོ་ཆེ་ཡང་ནས་ཡང་དུ་བྱས་ནས་རྒྱལ་ཁ་རླབས་པོ་ཆེ་གཅིག་མཇུག་གཉིས་མཐུད་བླངས་ཡོད། ད་ཆ། ང་ཚོ་ལོ་རྒྱུས་ཐོག་གི་དུས་སྐབས་གང་རུང་ཞིག་ལས་ཀྱང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པ་དང་དེ་བས་ཐག་ཉེ་བ་དང་། དེ་བས་ཡིད་ཆེས་ལྡན་པ། དེ་བས་ནུས་པ་ལྡན་པ་བཅས་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་འགོག་ཐབས་མེད་པ་ཞིག་རེད།
ལེ་དབར་ཁྲི་ཡི་རྒྱང་སྐྱོད་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་ཅིང་། “ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་གནས་ས་ཡིན་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་བ་དང་ལས་དབང་དང་འབྲེལ་ཡོད”
རྒྱང་སྐྱོད་ལམ་དུ་འཚོགས་པའི་ཙུན་དབྱི་ཚོགས་འདུ་དེ་ཉིད་ཏང་གི་ལོ་རྒྱུས་ཐོག“ཤི་གསོན་ལ་ཐུག་པའི་ཁ་ཕྱོགས་འགྱུར་མཚམས”ཤིག་ཏུ་གྱུར་པའི་རྒྱུ་མཚན་ནི་ཏང་གི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་མའོ་ཙེ་ཏུང་གི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱུང་ནས་ཛ་དྲག་ཆེ་བའི་འགག་རྩའི་དུས་སུ་ཏང་དང་། དམར་དམག ཀྲུང་གོའི་གསར་བརྗེ་བཅས་བསྐྱབས་པར་ཐུག་ཡོད།
དུས་རབས་གསར་པའི་ལོ་འདི་དག་ནི་རྒྱུན་ལྡན་དང་སྤྱིར་བཏང་གཏན་ནས་མིན།
འགྱུར་ལྡོག་ཆེན་པོའི་ཁྲོད་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་། དམག་ཆེན་རྒྱུགས་ཆེན་ཁྲོད་ཐབས་ཇུས་རྒྱབ་ཕྱོགས་སུ་བཏིང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། དཀའ་ངལ་དང་ཉེན་ཁ་རེ་རེ་ལས་རྣམ་པར་རྒྱལ་ནས་བྱས་རྗེས་ངོ་མཚར་ཅན་ཆེན་པོ་གཉིས་ཀྱི་ལེའུ་གསར་པ་བརྩམས་ཡོད།
ད་ཆ། རང་རེའི་ཏང་འདི་ཉིད་གོ་ལ་ཧྲིལ་པོར་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་སྲིད་ཏང་ཆེན་པོ་ཨང་དང་པོར་འཕེལ་རྒྱས་བྱུང་བ་དང་། ཀྲུང་ཧྭ་མི་རིགས་འདི་ཉིད་འགོག་ཐབས་མེད་པའི་གོམ་སྟབས་ཀྱི་ཐོག་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་བཞིན་ཡོད་པས། “གཏན་འཁེལ་གཉིས”ཀྱིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་པ་ང་ཚོར་ངོས་འཛིན་དེ་བས་གཏིང་ཟབ་བྱུང་།
ལེ་དབར་ཁྲི་ཡི་རྒྱང་སྐྱོད་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་བསྐྱོད་ཅིང་། “མི་དམངས་མང་ཚོགས་ནི་ནམ་ཡང་ཏང་དང་མི་དམངས་དམག་དཔུང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པས། ང་ཚོས་མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོ་ཚུགས་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཚེ། ཏང་གི་བྱ་གཞག་ཕྱོགས་གང་དུ་བསྐྱོད་ཀྱང་ནམ་ཡང་ཕམ་མི་སྲིད”
དམར་དམག་གཡུལ་ལས་རྒྱལ་བར་མི་དམངས་ནི་རྒྱབ་རྟེན་ཡིན། ཏང་དང་དམར་དམག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་དང་དམངས་སེམས་ཐོབ་པར་བྱས་པས། མི་དམངས་མང་ཚོགས་ཀྱིས“གུང་ཁྲན་ཏང་ལ་ཡིད་ཆེས་དང་། དམར་དམག་ལ་ཡིད་ཆེས”བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བཞིན་ཡོད།
ཀུ་ཤུའི་གཏམ་རྒྱུད་ལས་དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་མངོན་ཞིང་། ལེའོ་ཧྲེན་གཡུལ་འགྱེད་དྲན་གསོ་ཁང་དུ“ཀུ་ཤུ་འདི་ལྟ་བུ་ང་ཚོས་ད་ལྟའང་ཟ་མི་རུང”ཞེས་བསླབ་བྱ་གནང་བ་དང་། ཧྲའན་ཤིས་ཡན་ཨན་དུ་རྟོག་ཞིབ་གནང་སྐབས“ཀུ་ཤུ་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་ནི་དུས་བདེ་གནས་ལེགས་མི་སེམས་མཐུན་པ་ཞིག་ཡིན”ཞེས་གསུངས་པ། ཀན་སུའུ་ཐེན་ཧྲུའེ་རུ“ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་ཡོངས་སུ་སྨིན་པའི་ཀུ་ཤུ་དང་འདྲ་བར་ཞིམ་མངར་ལྡན་པའི་སྨོན་འདུན་ཞུ”ཞེས་གསུངས་ཡོད། ཀུ་ཤུ་གཅིག་ལས་སྤྱོད་ཚུལ་དང་བྱ་སྤྱོད་གཉིས་ཀ་མངོན་གྱི་ཡོད།
དུས་རབས་གསར་པ་ཤར་ཚུན་དུ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ནས་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་1ཙམ་དབུལ་སྒྲོལ་ཐུབ་པ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་ཟབ་ཏུ་རྒྱུན་མཐུད་བཏང་བས། མང་ཚོགས་ལ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཉེ་འགྲམ་དུ་ཡོད་པ་དང་དྲང་བཞག་དྲང་བདེན་ཉེ་འགྲམ་དུ་ཡོད་པ་དངོས་འབྲེལ་ཚོར་ཐུབ་ཡོད།
“རྒྱང་ལམ་གསར་པ་ནི་གཟི་བརྗིད་དང་ཕུགས་འདུན་གྱིས་ཁེངས་པའི་རྒྱང་སྐྱོད་ཅིག་དང་། ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཞིག་རེད”
ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཕྱར་བ་གྲུ་འདེགས་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།