དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མངའ་རིས་ས་ཁུལ་དུ་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཕུན་སུམ་ཚོགས་པོས་སྤེལ་གྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-24

    ཟླ་10ཚེས་11ནས་21ཉིན་བར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཡིན་པའི་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་མངའ་རིས་ས་ཁུལ་དུ་སྤྱི་ཚོགས་བརྟག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་ཕུན་སུམ་ཚོགས་པོས་སྤེལ་གྲུབ་པ་རེད།

    ཀྲུང་གོ་དང་། ནེ་པ་ལ། རྒྱ་གར་བཅས་རྒྱལ་ཁབ་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་སྤུ་ཧྲེང་རྫོང་ལ་རྒྱལ་ཁབ་ཀྱི་རིགས་དང་པོའི་ཚོང་འགྲུལ་འགག་སྒོ་སྤུ་ཧྲེང་འགག་སྒོ་ཡོད་པས། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་བགྲོད་ལམ་གལ་ཆེན་གྲས་ཤིག་རེད། སྤུ་ཧྲེང་ཐང་དཀར་མཐའ་མཚམས་ཚོང་དོན་ཁྲོམ་ར་རིམ་སྤོར་ཐེངས་གསུམ་བྱས་པ་བརྒྱུད། མཐའ་མཚམས་ཚོང་དོན་དང་། རིག་གནས་དང་ཡུལ་སྐོར་འཛད་སྤྱོད། མི་ཆོས་རིག་གནས་སྤེལ་རེས་བཅས་གཞི་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱི་ཕྱོགས་སྒོ་དབྱེའི་སྐར་ཁུང་ཞིག་ཏུ་རིམ་བཞིན་འཕེལ་རྒྱས་བྱུང་ནས་མཐའ་མཚམས་ཚོང་དོན་གྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་ཏེ་མཐའ་མཚམས་ཚོང་དོན་གྱི་དམངས་ཕྱུག་ཕན་འབྲས་ཟམ་མི་ཆད་པར་མངོན་གསལ་དོད་དུ་ཕྱིན་ཡོད། པཎ་ཆེན་རིན་པོ་ཆེ་ཁྲོམ་རའི་ཕྱི་ཕྱོགས་ཚོང་དོན་ཁུལ་དུ་ཕེབས་ནས་ཚོང་དུད་ཚོ་དང་ངོ་འཕྲད་སྤེལ་རེས་གནང་སྟེ། ཚང་མར་ལུས་སེམས་བདེ་ཐང་དང་ལྗགས་ཚོང་ཡག་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་རེད།

    མཚོ་ཆེན་ནི་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན་པ་དང་། དེའི་ཆ་སྙོམས་ས་བབ་སྨི་4700ལྷག་ཙམ་ཟིན་གྱི་ཡོད། པཎ་ཆེན་རིན་པོ་ཆེ་དེ་གར་ཕེབས་ནས་ཁུ་ལུ་སྨུག་པོའི་རའི་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་བྲིན་ཚོང་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། པཎ་ཆེན་རིན་པོ་ཆེས་མཚོ་ཆེན་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་བའི་ཕན་འབྲས་ལ་ཁས་ལེན་གནང་བ་མ་ཟད། ཁེ་ལས་ལ་རྩེར་སོན་གྱི་ཐབས་ལམ་ཡངས་སུ་དང་ཐོན་ལས་ཀྱི་གནས་ཐང་འཕར་མའི་མི་མངོན་པའི་ནུས་པ་ཆེ་རུ་བཏང་ནས་མང་ཚོགས་དེ་བས་མང་བར་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སུ་སྤྱོད་རྒྱུ་ཡོང་བར་བྱེད་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།

    ཟླ་10ཚེས་17ཉིན། མངའ་རིས་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པས་ས་ཡུལ་དངོས་སུ་དྲོ་སྐྱིད་ཟབ་མོ་ཚོར་ཡོད། སྨན་བཅོས་དང་། གྲོང་གསེབ། སྤྱི་བདེ། སློབ་གྲྭ དགོན་སྡེ་བཅས་ནས་ཡོང་བའི་གཞི་རིམ་གྱི་འཐུས་མིས་རེ་རེ་བྱས་ནས་གཏམ་བཤད་བྱས་ཏེ་མི་རིགས་དབར་གྱི་མཛའ་བརྩེ་དང་མཐུན་སྒྲིལ་འཕེལ་རྒྱས་སྐོར་ལྷུག་པོར་གླེང་བར་པཎ་ཆེན་རིན་པོ་ཆེས་ནན་ཏན་ངང་གསན་ནས་འཐུས་མི་ཚོ་དང་སྤེལ་རེས་ཡང་ཡང་གནང་ཞིང་། པཎ་ཆེན་རིན་པོ་ཆེས་མི་རིགས་མཐུན་སྒྲིལ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ། མི་རིགས་ཀྱི་བྱ་གཞག་རླབས་པོ་ཆེ་དང་ཡང་འབྲེལ་བ་ཡོད། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ལྷག་པར་དུ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བསམ་བློའི་ཁྲིད་སྟོན་རྒྱུན་མཐུད་བྱེད་ཟབ་ཏུ་གཏོང་བ་དང་། རང་ངོས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། རང་ངོས་ཀྱི་ལེགས་ཆ་འདོན་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་མཐུད་བརྟན་དུ་གཏོང་བ། མཐུན་སྒྲིལ་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་མཐུད་བརྟན་དུ་གཏོང་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    མངའ་རིས་སུ་བཞུགས་རིང་། པཎ་ཆེན་རིན་པོ་ཆེས་མངའ་རིས་ས་ཁུལ་རྟེན་མཛོད་ཁང་དུ་གཟིགས་སྐོར་གནང་ནས་མངའ་རིས་ས་ཁུལ་གྱི་ལོ་རྒྱུས་རིག་གནས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། དགེ་རྒྱས་རྫོང་དུ་ཕེབས་ནས་འོམ་བུ་དྭངས་བསངས་ཤང་གིས་མི་ཐབས་རྩྭ་འདེབས་ཀྱི་ཐོན་ལས་འཕེལ་རྒྱས་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་དམངས་ཕྱུག་འབབ་འཕར་ཡོང་བར་མཉམ་དུ་སྐུལ་འདེད་བཏང་བའི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    པཎ་ཆེན་རིན་པོ་ཆེས་མངའ་རིས་སུ་ཆོས་ཕྱོགས་ཀྱི་མཛད་སྒོ་ཁག་སྤེལ་ནས་སྤུ་ཧྲེང་རྫོང་གི་འཁོར་ཆགས་དགོན་དང་ཁྲུས་སྒོ་དགོན་དང་། དགེ་རྒྱས་རྫོང་གི་བཀྲ་ཤིས་ཆོས་གླིང་། མཚོ་ཆེན་རྫོང་གི་སྨན་སྟོད་དགོན་བཅས་སུ་གནས་གཟིགས་དང་གསུང་ཆོས་གནང་བ་མ་ཟད། དགེ་རྒྱས་རྫོང་གི་འབྲི་ར་དགོན་དང་སྒར་རྫོང་གི་ཀྲེ་ཏ་པུ་རི་དགོན་དུ་གནས་གཟིགས་ཀྱང་གནང་ཞིང་། དགོན་སྡེ་ཁག་ཚང་མས་ཆོས་ལུགས་ཀྱི་ཆེས་མཐོའི་གུས་སྲོལ་ལྟར་པཎ་ཆེན་རིན་པོ་ཆེར་ཕེབས་བསུ་ཞུས་པ་དང་། པཎ་ཆེན་རིན་པོ་ཆེས་ད་དུང་མངའ་རིས་གསོལ་མགྲོན་ཁང་ཆེ་མོའི་ཐང་ཆེན་སོགས་སུ་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།