དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

    ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ། ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ། ཀྲའོ་ལེ་ཅིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-24

    ཟླ་10ཚེས་22ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

    ཟླ་10ཚེས་22ཉིན། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་ཆེན་ལ་ཞུགས་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཚེས་22ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས། ལོ་རྒྱུས་བློ་ལ་བརྟན་པོར་ངེས་ན་གཞི་ནས་འབྱུང་འགྱུར་གཏོད་ཐུབ། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མུ་མཐུད་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་གསར་བརྗེ་པ་རྒན་རབས་ཚོས་བཏོད་པའི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་ནས། རྒྱང་ལམ་གསར་པར་འབད་བརྩོན་ཆེན་པོས་འོད་སྟོང་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་ཚོགས་ཆེན་ལ་ཞུགས་པ་རེད།

    མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་གྱི་རྣམ་པ་རྔམ་བརྗིད་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད། ཀྲུའུ་ཞི་སྡིངས་ཆའི་སྟེང་ངོས་སུ“ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན”ཞེས་པའི་ཚོགས་རྟགས་བཀལ་ཡོད་པ་དང་། རྒྱབ་ཀྱི་ཡོལ་བའི་དབུས་སུ་འོད་ཆེམ་ཆེམ་འཕྲོ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྟགས་བཀལ་ཡོད་ཅིང་། ཏང་རྟགས་ཀྱི་འོག་ཏུ“1936—2026”ཅེས་པའི་ཨང་རྟགས་བཀལ་བ་དང་། དར་དམར་10གཞོགས་གཉིས་སུ་བསྒྲིགས་ཡོད། ཐོག་བརྩེགས་གཉིས་པའི་གཟིགས་སྟེགས་སུ“བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ།རྒྱང་ལམ་གསར་པར་ཡག་པོ་སྐྱོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་པའི་སྦྱར་ཡིག་བཀལ་ཡོད།

    སྔ་དྲོའི་ཆུ་ཚོད་10པ་ཙམ་ལ། ཀྲའོ་ལེ་ཅིས་དྲན་གསོའི་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། ཚང་མ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་དང་། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཚབ་ཞུས་ཏེ། དམར་དམག་སྣེ་ཁྲིད་དེ་རྒྱང་སྐྱོད་ཀྱི་ལོ་རྒྱུས་བྱ་གཞག་རླབས་ཆེན་འདི་གཏོད་མཁན་གྱི་བློ་མཐུན་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཀྲུའུ་ཏེ་སོགས་གསར་བརྗེ་མཁས་ཅན་རྒན་རབས་པ་ཚོ་དང་། རྒྱང་སྐྱོད་ཀྱི་ལམ་དུ་ཁྲག་བཏོན་དམར་འཛིང་དང་ས་གནས་ཁག་ཏུ་གསར་བརྗེའི་འཐབ་རྩོད་རྒྱུན་འཁྱོངས་བྱེད་མཁན་གྱི་དམར་དམག་གི་བཀོད་འཐབ་པ། སྐབས་དེ་དུས་དམར་དམག་རྒྱང་སྐྱོད་ལ་རོགས་སྐྱོར་བྱེད་མཁན་མི་རིགས་ཁག་གི་མི་དམངས་དང་ལྷག་པར་དུ་གསར་བརྗེའི་རྟེན་གཞི་ཁག་གི་མི་དམངས། ད་ལྟ་སྐུ་འཚོ་ཞུགས་ཀྱི་དམར་དམག་གི་འཐབ་འཛིང་པ་རྒན་གྲས་ཡོངས་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་གནང་ཞིང་། ཁོང་གིས་ཚང་མ་ཡར་བཞེངས་ནས་རྒྱང་སྐྱོད་ཀྱི་ལམ་བུ་དང་ས་གནས་ཁག་གི་གསར་བརྗེའི་འཐབ་རྩོད་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་གནང་མཁན་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུ་བའི་གྲོས་འགོ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། 1934ལོའི་ཟླ་10པ་ནས་1936ལོའི་ཟླ་10པ་བར། རང་རེའི་ཏང་གིས་དམར་དམག་དཔུང་རུ་དང་པོ་དང་དཔུང་རུ་གཉིས་པ། དཔུང་རུ་བཞི་པ། ཅུན་ཤོག་ཉེར་ལྔ་པ་བཅས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་ལ་གཡོ་འགུལ་ཐེབས་པ་དང་ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་རྒྱང་སྐྱོད་རླབས་པོ་ཆེ་བྱས་ཡོད། དམར་དམག་གི་རྒྱང་སྐྱོད་དེ་ཞིང་ཆེན་བཅུ་ལྷག་ཙམ་བསྒྲལ་ཞིང་། ལེ་དབར་ཉིས་ཁྲི་ལྔ་སྟོང་བསྐྱོད་མཐར། དགྲ་དམག་ས་ཡ་ལྷག་ཙམ་གྱི་སྐོར་འདེད་དང་བཀག་འགོག་ཐལ་བའི་རྡུལ་དུ་བརླགས་པས། གོ་མིན་ཏང་ལོག་སྤྱོད་ཤོག་ཁག་གིས་ཀྲུང་གོ་གུང་ཁྲན་ཏང་དང་དམར་དམག་རྩ་མེད་དུ་གཏོང་བའི་ངན་ཇུས་རྩ་བ་ནས་ཕམ་ཉེས་སུ་བཏང་བ་ཁྱབ་བསྒྲགས་བྱས་ཤིང་། རྒྱལ་ཁའི་ངང་བྱང་ཕྱོགས་སུ་རི་འགོག་གི་འཐབ་ཇུས་སྤོ་སྒྱུར་བྱ་རྒྱུ་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད། གནམ་ས་འགུལ་བར་ནུས་པའི་གསར་བརྗེའི་བྱ་སྤྱོད་རླབས་པོ་ཆེ་འདི་ནི་རང་རེའི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ལོ་རྒྱུས་ཐོག་དོན་སྙིང་རླབས་ཆེན་ལྡན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། སྤོབས་པས་རི་ཀླུང་སྒུལ་ནུས་པའི་དཔའ་བོའི་ལོ་རྒྱུས་སྙན་ངག་འདི་ཀྲུང་གོའི་གསར་བརྗེའི་བྱས་རྗེས་རྡོ་རིང་ཐོག་ནམ་ཡང་བརྐོས་ཡོད་ལ། མི་དམངས་དུང་ཕྱུར་མང་པོའི་སེམས་སུ་ནམ་ཡང་བརྟན་པོར་ངེས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་འབད་བརྩོན་ཆེན་པོས་མདུན་སྐྱོད་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱ་ཆེད་ཡིན། ལོ་ངོ་90སོང་རྗེས་ཀྱི་དེང་གི་དུས་འདིར། དཀའ་སྡུག་ཆེ་ལ་འོད་སྟོང་འབར་བའི་ལོ་ཟླ་དེར་སླར་ཡང་ཕྱིར་བལྟས་བྱས་ཚེ། ང་ཚོས་ངོས་འཛིན་གཏིང་ཟབ་ཐུབ་པ་ཞིག་ནི། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ནི་ལྡོག་མེད་ཅིག་ཡིན་པ་དང་། དེའི་ནང་ཏང་དང་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་ཀྱིས་རྒྱལ་ཁ་ལེན་པའི་ཐབས་ལམ་འདུས་ཡོད། རྒྱལ་ཁའི་ལམ་བུ་རླབས་པོ་ཆེ་འདི་ནི་ཏང་གི་ཡང་དག་པའི་འགོ་ཁྲིད་ལ་བརྟེན་ནས་བཏོད་པ་ཞིག་ཡིན་ཞིང་། ཏང་གི་ཡང་དག་པའི་འགོ་ཁྲིད་དང་བློ་མཐུན་མའོ་ཙེ་ཏུང་གི་སྲོག་ཤིང་གི་གནས་བབ་གཏན་འཁེལ་བྱས་པ་དེས་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། རྒྱལ་ཁའི་ལམ་བུ་རླབས་པོ་ཆེ་འདི་ནི་བློ་བརྟན་འགྱུར་མེད་ཀྱི་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་བཏོད་པ་ཞིག་ཡིན་པ་དང་། གསར་བརྗེའི་ཕུགས་བསམ་དང་གསར་བརྗེའི་དད་སེམས་ལས་དགྲ་དཔུང་འདུལ་བ་དང་རི་ཀླུང་འགུལ་བར་བྱེད་པའི་འཛད་མེད་སྟོབས་ཤུགས་འབྱུང་བ་དང་། བླ་ན་མེད་པའི་ཕུགས་བསམ་དང་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལྡན་པའི་དཔུང་ཁག་ནི་འགྲན་ཟླ་མེད་པ་ཞིག་རེད། རྒྱལ་ཁའི་ལམ་བུ་རླབས་པོ་ཆེ་འདི་ནི་རང་བཙན་རང་བདག་དང་དངོས་ཐོག་བདེན་འཚོལ་ལ་བརྟེན་ནས་བཏོད་པ་ཞིག་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཉིད་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཚེ། གཞི་ནས་ཀྲུང་གོའི་གནད་དོན་ཐག་གཅོད་ཐུབ་པ་དང་། གཞི་ནས་གསོན་ཤུགས་ཆེན་པོ་རྒྱས་ཐུབ། རྒྱལ་ཁའི་ལམ་བུ་རླབས་པོ་ཆེ་འདི་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་བཏོད་པ་ཞིག་ཡིན་པ་དང་། མི་དམངས་མང་ཚོགས་ནི་ནམ་ཡང་ཏང་དང་མི་དམངས་དམག་དཔུང་གི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན་པས། ང་ཚོས་མི་དམངས་ཁྲོད་དུ་རྩ་བ་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱས་ཚེ། ཏང་གི་བྱ་གཞག་ཞུམ་མེད་མདུན་སྐྱོད་ཐུབ་ཅིང་དཀའ་ངལ་མཐའ་དག་ལས་རྣམ་པར་རྒྱལ་ཐུབ།

    ཞི་ཅིན་ཕིང་གིས་གསུངས་དོན། དམར་དམག་རྒྱང་སྐྱོད་ཀྱིས་སྤྱིར་བཏང་གཏན་ནས་མ་ཡིན་པའི་མི་ཡུལ་གྱི་ངོ་མཚར་བཏོད་པ་དང་རྒྱང་སྐྱོད་སྙིང་སྟོབས་རླབས་པོ་ཆེ་བཏོད་ཡོད། སྙིང་སྟོབས་གནས་ས་ནི་སྟོབས་ཤུགས་གནས་ས་ཡིན། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་ལས་ལྷག་བསམ་རྣམ་དག་གི་སྟོབས་ཤུགས་དང་། བདེན་དོན་གྱི་སྟོབས་ཤུགས། དྲང་བདེན་གྱི་སྟོབས་ཤུགས། མཐུན་སྒྲིལ་གྱི་སྟོབས་ཤུགས་བཅས་གང་ལེགས་མངོན་པ་དང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཡུལ་དུས་ལས་བརྒལ་ཞིང་། ཉམས་པ་མེད་པ་ཞིག་ཡིན་པས། ནམ་ཡང་ང་ཚོར་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་རྒྱུ་ནོར་རྩ་ཆེན་དང་སྒུལ་ཤུགས་ཆེན་པོ་ཞིག་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱང་སྐྱོད་ཀྱི་ལོ་རྒྱུས་མཇུག་སྒྲིལ་མྱོང་མེད་ལ། རྒྱང་སྐྱོད་ཀྱི་ལམ་བུ་རྒྱུན་ཆད་མེད་པར་སྣུར་སྲིང་བྱེད་བཞིན་ཡོད། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90སོང་ཚུན། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་ཚང་མར་རྒྱང་སྐྱོད་རླབས་པོ་ཆེ་ཡང་ཡང་བྱས་ཏེ། རྒྱལ་ཁ་རླབས་པོ་ཆེ་གཅིག་མཇུག་གཉིས་མཐུད་ངང་བླངས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཞིང་། ང་ཚོས་རྒྱང་ལམ་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བར་འབད་འཐབ་བྱེད་བཞིན་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། རྒྱང་ལམ་གསར་པ་ནི་གཟི་བརྗིད་ལྡན་པ་དང་ཕུགས་འདུན་ཆེ་བའི་རྒྱང་སྐྱོད་ཅིག་དང་། ཏང་དང་མི་དམངས་ཀྱི་རྒྱང་སྐྱོད་གསར་པ་ཞིག་རེད། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་རྒྱང་ལམ་གསར་པར་ཡག་པོ་བསྐྱོད་པར་ངེས་པར་དུ་ཏང་གི་ཕུགས་བསམ་དང་དད་སེམས་དང་དམིགས་ཡུལ་བརྟན་སྲུང་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་བཅས་བྱས་ནས། མི་དམངས་ལ་དམ་པོར་བརྟེན་ནས་ལོ་རྒྱུས་ཀྱི་བྱ་གཞག་རླབས་ཆེ་གསར་པ་གཏོད་དགོས། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་འབོར་ཚད་ལུགས་མཐུན་ངང་འཕར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་རླབས་ཆེའི་འཐབ་རྩོད་བྱེད་ཕོད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་བྱས་ཏེ་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ལ་བརྟེན་ནས་དཀའ་གནད་སེལ་བ་དང་། ཉེན་ཁ་ལས་རྣམ་པར་རྒྱལ་བ། འགྲན་སློང་བསུ་བ་བཅས་བྱས་ཏེ། ཀྲུང་ཧྭའི་བསྐྱར་དར་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོ་དེ་རླུང་བརྟེན་རླབས་གཤག་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས། ངེས་པར་དུ་མི་དམངས་དམག་དཔུང་འདི་ཉིད་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་མགྱོགས་མྱུར་འཛུགས་སྐྱོང་བྱེད་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། དམག་དཔུང་བཙུགས་ནས་ལོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་པོས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་བསྲིངས་ལྷོད་མེད་ངང་སྐུལ་འདེད་གཏོང་བ་དང་། ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་མཐོར་གཏོང་བཅས་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱས་ཏེ། ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་བྱེད་དགོས།

    ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རང་རེའི་ཏང་གིས་དམར་དམག་གི་སྣེ་ཁྲིད་ནས་རྒྱང་སྐྱོད་བྱས་པའི་རླབས་ཆེའི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་དྲན་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་རླབས་ཆེའི་དོན་སྙིང་ལ་ཕྱོགས་སྡོམ་དང་། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པར་ཏང་དང་མི་དམངས་དམག་དཔུང་གིས་ཞུམ་མེད་མདུན་སྐྱོད་ཀྱིས་རྒྱལ་ཁ་ལེན་པའི་ཐབས་ལམ་འདུས་པ་གསལ་སྟོན། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེའི་ལོ་རྒྱུས་རིན་ཐང་གསལ་འགྲེལ་བཅས་གནང་ནས། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། རྒྱང་ལམ་གསར་པར་ཡག་པོ་སྐྱོད་པར“ངེས་པར་དུ་ལྔའི”བླང་ཆ་ཁ་གསལ་བཏོན་གནང་ཡོད། གསུང་བཤད་ལ་ཆབ་སྲིད་རང་བཞིན་དང་། དགོངས་པའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་ཡོད་པས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། རྒྱང་ལམ་གསར་པར་ཡག་པོ་སྐྱོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འབུངས་ལྷོད་མེད་བྱེད་དགོས།

    ཚོགས་ཆེན་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཀྱི་འགྱུར་ཁུག་ཁྲོད་མཇུག་འགྲིལ་བ་རེད།

    པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཚོགས་ཆེན་ལ་ཞུགས་པ་རེད།

    ཀྲུང་དབྱང་ཏང་སྲིད་དམག་དམངས་བཅས་ཀྱི་སྡེ་ཚན་ཁག་དང་པེ་ཅིང་གྲོང་ཁྱེར་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། དེ་བཞིན་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བློ་མཐུན་རྒན་གྲས་ཀྱི་འཐུས་མི། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག་གི་འཐུས་མི། རྒྱལ་སའི་ལས་རིགས་ཁག་གི་མང་ཚོགས་ཀྱི་འཐུས་མི་སོགས་ཁྱོན་མི་3000ཙམ་ཚོགས་ཆེན་ལ་ཞུགས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།