དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གནོད་འཚེ་ཕོག་པའི་མང་ཚོགས་12489བདེ་འཇགས་ཁུལ་དུ་སྤོས་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-10-23

    ཚེས་23ཉིན། བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་རིམ་པ་7.0གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དང་པོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་ཡོམ་བརྒྱབ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེགས་ཁུལ་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་གནང་བ་མ་ཟད། འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་ཀྱི་ས་ཡོམ་གནོད་འཚེའི་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་ལག་བསྟར་བྱས་པ་རེད། 

    མིག་སྔར་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རོགས་སྐྱོབ་སྟོབས་ཤུགས་མི་སྣ་5000ལྷག་ཙམ་བཏང་ནས་འཚོལ་སྐྱོབ་དང་། སྨན་བཅོས། བཀོད་སྒྲིག མཁོ་སྤྲོད་འགན་ལེན། ཉེན་སེལ་སོགས་ཀྱི་ལས་འགན་གཞིར་བཟུང་། ཚོགས་ཆུང་བགོས་ཏེ་ལས་དོན་བསྒྲུབས་དང་སྒྲུབ་མུས་ཡིན་པ་དང་། གློག་ཤུགས་དང་འཕྲིན་གཏོང་འགན་ལེན་དཔུང་ཁག་ཀྱང་དུས་གཅིག་ཏུ་གནོད་འཚེ་ཕོག་ཁུལ་གཙོ་བོར་བསྐྱོད་དེ་རོགས་སྐྱོབ་བྱེད་བཞིན་ཡོད། མིག་སྔའི་བར། གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་དམར་རུ་ཤང་གི་གྲོང་ཚོ་2པ་སོགས་སུ་བཀོད་སྒྲིག་ས་ཚིགས་18བསྐྲུན་ཟིན་པ་དང་། དེ་བྱིངས་རྣམས་སྐྲུན་བཞིན་ཡོད་ལ་མང་ཚོགས་12489བདེ་འཇགས་ཁུལ་དུ་སྤོས་པ་རེད། 

    དེ་དང་ཆབས་ཅིག་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར། རྫོང་བཅས་རིམ་བཞིའི་གེགས་སེལ་དངོས་ཟོག་གེགས་ཁུལ་དུ་གཅིག་རྗེས་གཉིས་མཐུད་ངང་འབྱོར་བ་སྟེ། སྟབས་བདེའི་ཁང་པ་2000དང་། གུར་3408 ལྟེབ་ཁྲི་2821 སྲིང་བལ་གྱི་ཉལ་ཆས་4280 སྲིང་བལ་གྱི་གྱོན་གོས་3300 དམག་མིའི་ལྭ་རིང་3820 ཕྱུ་པ་694 ལྕགས་ཐབ་300 གློག་གཏོང་འཕྲུལ་འཁོར་4སོགས་ཡོད། དེ་གོང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་སྲིང་བལ་གྱི་གུར་དང་། སྲིང་བལ་གྱི་ལྭ་རིང་། སྲིང་བལ་གྱི་ཉལ་ཆས། ལྟེབ་ཁྲི་སོགས་ཁྱོན་དངོས་ཟོག་5000འཕྲལ་མ་ཉིད་དུ་སྤྲད་པ་དང་། ས་གནས་དང་མཐུན་སྦྱོར་བྱས་ནས་སྲིང་བལ་གྱི་གུར་དང་ལྕགས་ཐབ་སོགས་5000སྤྲད་པ། དེ་མིན་ད་དུང་གཏེར་ཆུ་སྒམ་1910དང་། སྟབས་བདེའི་ཐུག་པ་ཤོག་སྒམ་2720 འོ་ཇ་དང་མེན་པའོ་སོགས་སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།