རྒྱང་སྐྱོད་ལ་དུས་རབས་དང་རྒྱལ་མཚམས་ཀྱི་བཀག་རྒྱ་ལས་སྒྲོལ་བའི་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད།
མི་རིགས་ཤིག་གི་ལོ་རྒྱུས་ནི་དུས་རབས་ཤིག་ལས་བརྒལ་བའི་འགག་རྩའི་སྐབས་སུ་བྲིས་པ་ཤ་སྟག་ཡིན་ལ། གང་དེ་རྗེས་རབས་པས་དོན་དངོས་ཤེས་རྟོགས་དང་འབྱུང་འགྱུར་ལ་བསམ་གཞིག་བྱེད་པའི་བསམ་བློའི་འབྱུང་ཁུངས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་པའི་རྒྱང་སྐྱོད་ནི་ལོ་རྒྱུས་དུམ་བུ་འདི་འདྲ་ཞིག་རེད། རྒྱང་སྐྱོད་ལས་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་གསར་བརྗེའི་བྱ་གཞག་གི་ཁ་ཕྱོགས་གལ་ཆེན་བསྒྱུར་ཐུབ་ནས་དཀའ་ངལ་ཧ་ཅང་ཆེ་བའི་འོག་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཐུབ་པ་དང་དུས་མཚུངས་དངོས་ཡོད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བྱེད་ཐབས་དང་ཐབས་ལམ་རྒྱུན་ཆད་མེད་པར་ལེགས་སྒྲིག་བྱེད་པའི་སྟབས་བསྟུན་བྱེད་ནུས་མཚོན་གྱི་ཡོད། ལོ་90རྗེས་ཀྱི་དེང་གི་ཆར་རྒྱང་སྐྱོད་ལ་ལྡན་པའི་འཐབ་ཇུས་ཀྱི་བློ་གྲོས་ལས་མིག་སྔའི་གཏན་འཁེལ་མེད་པའི་རང་བཞིན་གྱི་རྒྱལ་སྤྱིའི་ཁོར་ཡུག་ལ་ཁ་གཏད་གཅོག་པར་བློ་སྒོ་འབྱེད་པའི་དོན་སྙིང་གལ་ཆེན་ལྡན་ཡོད།
རྒྱང་སྐྱོད་ནི་ཀྲུང་གོའི་གསར་བརྗེ་དཀའ་ལས་ཁག་ཤོས་ཀྱི་དུས་སུ་བྱས་པ་ཞིག་ཡིན་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་རེ་ཞིག་འགལ་རྐྱེན་འཕྲད་པའི་དབང་གིས་རྩ་བའི་དམིགས་ཚད་ལ་གཡོ་འགུལ་བཏང་མེད་པར་གསར་བརྗེའི་སྟོབས་ཤུགས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་གསར་བརྗེའི་བྱ་གཞག་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ཨང་དང་པོར་བརྩིས་ཡོད། ཡུན་རིང་གི་དམིགས་ཚད་བརྟན་སྲུང་བྱས་པ་ལས་རྒྱང་སྐྱོད་ཁྲོད་ཀྱི་དཀའ་ཚེགས་ཆེ་བའི་གདམ་ག་རབ་དང་རིམ་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། འོན་ཀྱང་དམིགས་ཚད་བརྟན་དུ་གཏོང་བ་དེས་སྔར་ཡོད་ཀྱི་ཐབས་ལམ་བརྟན་སྲུང་བྱེད་དགོས་པ་མཚོན་གྱི་མེད། རྒྱང་སྐྱོད་བྱེད་རིང་དམག་དོན་གྱི་གནས་བབ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་ཞིང་། དམར་དམག་གིས་གནས་ཚུལ་དངོས་ལ་གཞིགས་ནས་དཔུང་སྐྱོད་ཀྱི་ལམ་ཐིག་ལེགས་སྒྲིག་དང་། སྟོབས་ཤུགས་བསྐྱར་སྒྲིག བྱ་སྤྱོད་སྤེལ་སྟངས་བསྒྱུར་བ་བཅས་བྱས་པ་མ་ཟད། དེ་དང་མཐུན་པའི་འཐབ་ཇུས་དང་འཐབ་རྩལ་གདམ་ག་ཡང་བྱས་ཡོད།
ཀྲུང་གོའི་འདས་ཟིན་པའི་ལོ་བཅུ་ཕྲག་འགའ་ཤས་རིང་གི་འཕེལ་རྒྱས་ལས་འཐབ་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་སྲིད་ཇུས་ལེགས་སྒྲིག་ཟུང་འབྲེལ་བྱས་པ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་མཚོན་གྱི་ཡོད། སྒྱུར་བཅོས་སྒོ་དབྱེ་དང་། དེང་རབས་ཅན་འཛུགས་སྐྲུན། དབུལ་པོ་དབུལ་ནག་སེལ་བ། ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་གཏོང་བ་སོགས་ནི་ཡུན་རིང་གི་དམིགས་ཚད་སྤྱི་ཡོངས་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འཕེལ་རྒྱས་ཀྱི་དུས་རིམ་དང་། ཕྱི་ནང་གི་ཁོར་ཡུག དངོས་ཡོད་ཀྱི་ཆ་རྐྱེན་བཅས་ལ་གཞིགས་ནས། རྒྱུན་ཆད་མེད་པར་ཞིབ་ཕྲའི་སྲིད་ཇུས་ལེགས་སྒྲིག་བྱས་པ་ལས་མངོན་འགྱུར་བྱུང་བ་ཤ་སྟག་ཡིན། ལོ་རྒྱུས་ཀྱི་འཕེལ་རིམ་ནི་སྔར་ནས་འཆར་འགོད་བྱས་པའི་ལམ་ཕྱོགས་ལྟར་མདུན་དུ་སྐྱོད་མི་སྲིད་པས། དཀའ་ངལ་དང་། འགལ་རྐྱེན། བསམ་ཡུལ་ལས་འདས་པའི་འགྱུར་ལྡོག་བཅས་རྟག་ཏུ་གཡོལ་ཐབས་མེད། དངོས་འབྲེལ་གལ་འགངས་ཆེ་བ་ཞིག་ནི་འགལ་རྐྱེན་སྤུ་ཙམ་ཡང་མེད་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཞིག་བསམ་ཚོད་མ་བྱས་པར་དཀའ་ངལ་དང་འགྱུར་ལྡོག་ལ་ཁ་གཏད་གཅོག་སྐབས་ཐོག་མཐའ་བར་གསུམ་དུ་སྤྱི་ཡོངས་ཀྱི་ཁ་ཕྱོགས་གཞི་རྩར་བཟུང་ནས་འཚམ་མཐུན་དང་ལེགས་སྒྲིག་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དེ་རེད།
ཉམས་མྱོང་འདི་ལས་འགྱུར་ལྡོག་ཆེན་པོའི་འོག་གི་འཛམ་གླིང་ལ་ཡང་དངོས་ཡོད་ཀྱི་དོན་སྙིང་ལྡན་ཞིང་། མིག་སྔར་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་མགྱོགས་པོ་འགྲོ་བཞིན་ཡོད་པ་སྟེ། གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་བསྐྱར་སྒྲིག་གཏིང་ཟབ་བྱེད་པ་དང་། གསར་དར་ལག་རྩལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་བྱེད་སྟངས་ལ་མགྱོགས་མྱུར་འགྱུར་ལྡོག་གཏོང་བ། ས་ཁུལ་གྱི་གདོང་གཏུག་གིས་རྒྱལ་སྤྱིའི་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་ཀྱི་ཡོད། འོན་ཀྱང་གནམ་གཤིས་ཀྱི་འགྱུར་ལྡོག་དང་། ནུས་རྒྱུའི་བདེ་འཇགས། འཕེལ་རྒྱས་དོ་མི་མཉམ་པ་སོགས་ཀྱི་གནད་དོན་ཐད་སླར་ཡང་རྒྱལ་ཁབ་ཁག་གིས་ཡུན་རིང་མཉམ་ལས་བྱེད་དགོས་ཀྱི་ཡོད། རྒྱབ་ལྗོངས་འདི་འདྲའི་འོག་བཅོས་སྐྱོང་ལ་དུས་ཐུང་གི་གནོན་ཤུགས་ཀྱི་ཤུགས་རྐྱེན་ཕོག་སླ་པོ་ཡོད། འོན་ཀྱང་རྒྱང་སྐྱོད་ཀྱི་ཉམས་མྱོང་ལས་འཛམ་གླིང་སྐྱེ་བོ་ཀུན་ལ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་གི་མདུན་དུ་དུས་ཐུང་དཀའ་ངལ་གྱི་རྐྱེན་པས་ཡུན་རིང་གི་ཁ་ཕྱོགས་འཛོལ་མི་རུང་ལ་ཡུན་རིང་གི་དམིགས་ཚད་བརྟན་སྲུང་བྱེད་པའི་དབང་གིས་དགོས་ངེས་ཀྱི་ལེགས་སྒྲིག་བྱེད་དགོས་པ་དོར་མི་རུང་བའི་བློ་སྒོ་ཕྱེ་ཡོད།
རྒྱང་སྐྱོད་ཀྱིས་བློ་སྒོ་གལ་ཆེན་གཞན་ཞིག་ཕྱེ་བ་ནི་ཐུན་མོང་གི་དམིགས་ཚད་ལས་བྱུང་བའི་གོང་བུ་འགྲིལ་ཤུགས་ཆེན་པོ་དེ་རེད། རྒྱང་སྐྱོད་ནི་གཞི་ཁྱོན་ཧ་ཅང་ཆེ་བའི་མཉམ་སྡེབ་ཀྱི་བྱ་སྤྱོད་ཅིག་ཡིན་ཞིང་། དཔོན་དམག་ཁྲི་སྟོང་མང་པོས་ཐུན་མོང་དུ་གྱུར་པའི་ཕུགས་བསམ་གྱི་མཛུབ་ཁྲིད་འོག་བློས་གཏོང་ཆེན་པོ་བྱས་ཡོད། རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། ཕན་ཚུན་དབར་གྱི་ཡིད་ཆེས། དེ་བཞིན་ཐུན་མོང་གི་བྱ་གཞག་ལས་བྱུང་བའི་མོས་སེམས་བཅས་ནི་དཀའ་ངལ་མང་པོ་ཁྱད་དུ་བསད་པའི་ཆ་རྐྱེན་གལ་ཆེན་ཞིག་ཡིན། མིག་སྔའི་དུས་བབ་ལ་བལྟས་ན། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་རྒྱལ་ཁབ་གཅིག་རང་གིས་ཁེར་རྐྱང་དུ་ཁ་གཏད་གཅོག་ཐབས་བྲལ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་མང་པོ་འཕྲད་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་། གནམ་གཤིས་འགྱུར་ལྡོག འབྲུ་རིགས་བདེ་འཇགས། སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཀྱི་གྲོས་གཞིར་རྒྱལ་ཁབ་ཁག་གིས་ཁྱད་པར་ཁྲོད་ནས་མཉམ་ལས་བྱ་ཡུལ་འཚོལ་དགོས། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ལམ་ལུགས། འཕེལ་རྒྱས་ཀྱི་དུས་རིམ་བཅས་མི་འདྲ་བས། ཁྱད་པར་དེ་དག་མེད་པར་བཟོ་མི་ཐུབ་ལ་མེད་པར་བཟོ་དགོས་དོན་ཡང་མེད། ཕན་ནུས་ལྡན་པའི་ཕྱོགས་མང་མཉམ་ལས་དངོས་འབྲེལ་བྱེད་པར་དེའི་ནང་ཞུགས་མཁན་ཕྱོགས་ཚང་མས་གྲོས་གཞི་ཚང་མར་རྦད་དེ་གཅིག་མཐུན་གྱི་ལྟ་བ་འཛིན་དགོས་པའི་རེ་བ་འདོན་གྱི་མེད། འོན་ཀྱང་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་ཐུན་མོང་གི་ཁེ་ཕན་འཚོལ་བ་དང་ཐུན་མོང་གི་དམིགས་ཚད་ལ་དམིགས་ནས་བྱ་སྤྱོད་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས།
རྒྱང་སྐྱོད་ནི་ཀྲུང་གོའི་ལོ་རྒྱུས་ཀྱི་ཁོངས་སུ་གཏོགས་མོད། འོན་ཀྱང་དེའི་ནང་དུ་འདུས་པའི་བཅོས་སྐྱོང་གི་བློ་གྲོས་དང་བསམ་པའི་སྟོབས་ཤུགས་ལ་དུས་རབས་དང་རྒྱལ་མཚམས་ཀྱི་བཀག་རྒྱ་ལས་སྒྲོལ་བའི་བློ་སྒོ་འབྱེད་པའི་དོན་སྙིང་ལྡན་ཡོད། ཡོ་རོབ་ཀྱི་ལྟ་ཞིབ་པ་ཞིག་གི་ངོས་ནས་ངས་ཀྲུང་གོའི་རྒྱང་སྐྱོད་ཀྱིས་དེང་རབས་འཛམ་གླིང་ལ་རིན་ཐང་ཆེ་ཤོས་ལྡན་པའི་བློ་འབྱེད་དེ་ནི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་པའི་ནུས་པ་ཞིག་ཡིན་པ་སྟེ། འཐབ་ཇུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་གང་ཞིག་འཐབ་རྩལ་རེངས་པོར་མི་འགྱུར་བ་དང་། ཡུན་རིང་གི་དམིགས་ཚད་བརྟན་སྲུང་བྱེད་པ་དང་ཆབས་ཅིག་དངོས་ཡོད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་ཐབས་ལམ་ལེགས་སྒྲིག་བྱེད་པ། འགལ་རྐྱེན་ཁྲོད་སྙུགས་ཤེད་རྒྱུན་འཁྱོངས་དང་ཁྱད་པར་ཁྲོད་མཉམ་ལས་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། གོ་ལ་ཧྲིལ་པོའི་གཏན་འཁེལ་མེད་པའི་རང་བཞིན་རྒྱུན་མཐུད་ཆེ་རུ་འགྲོ་བ་དང་བཅོས་སྐྱོང་གི་འགྲན་སློང་ཉིན་བཞིན་ཆེ་རུ་འགྲོ་བའི་མིག་སྔར། འགྱུར་མེད་དང་སྟབས་བསྟུན་དང་། ཡུན་རིང་དང་དངོས་ཡོད་དབར་དོ་སྙོམས་འཚོལ་བའི་ནུས་པ་དེ་རིགས་ལ་སྔར་བཞིན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
(རྩོམ་པ་པོ་ནི་སི་ཕེན་གུང་ཁྲན་ཏང་གི་ཀྲུའུ་ཞི་ཡིན)
འབྲེལ་ཡོད་གསར་འགྱུར།