ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་པ་རེད།
བསམ་འཆར་ནང་བླང་བྱ་བཏོན་དོན། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་རྒྱུ་དམིགས་ཚད་དུ་བྱེད་པ་དང་། ཁེ་ལས་ཀྱིས་གཙོ་ཁྲིད་དང་བྱེད་པོ་ཁག་གིས་མཐུན་སྦྱོར་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་ཀྱི་གསར་གཏོད་མ་ལག་འཛུགས་རྒྱུ་གཙོ་གནད་དུ་བྱས་ནས། འཁོར་འབྲེལ་ཧྲིལ་པོ་སྦྲེལ་མཐུད་ཐུབ་པ་དང་། ཁྱབ་ཁོངས་ཧྲིལ་པོར་ཁྱབ་པ། རྒྱུ་རྐྱེན་གཙོ་བོ་མཉམ་འདྲེས་ཐུབ་པ། ཕྱོགས་ཡོངས་ནས་འགན་ལེན་ཐུབ་པ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཕན་ཚུན་མཉམ་འདྲེས་དང་མཉམ་དུ་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ཞིག་ཆགས་པར་བྱེད་པ་དང་། ཚན་རྩལ་སྟོབས་ཆེན་ནས་ཐོན་ལས་སྟོབས་ཆེན་དང་། དཔལ་འབྱོར་སྟོབས་ཆེན། རྒྱལ་ཁབ་སྟོབས་ཆེན་བཅས་བར་གྱི་བགྲོད་ལམ་བཏོད་དེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་ཇེ་མགྱོགས་སུ་གཏོང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་ཡོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བཅས་ལ་འདེགས་སྐྱོར་བྱེད་དགོས།
བསམ་འཆར་ནང་། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་སྦྲེལ་མཐུད་དམ་ཟབ་ལ་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པ། ཁེ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་གི་ཕན་ནུས་ཆེ་རུ་གཏོང་བ། མཉམ་འདྲེས་གཏིང་ཟབ་ཀྱི་སྐྱེ་ཁམས་བཟང་པོ་གཏོད་པ། མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་བར་མཐོངས་རྒྱ་ཆེར་གཏོང་བ། དེ་བཞིན་སྒྲིག་འཛུགས་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།