དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱང་སྐྱོད་བྱེད་ས་ནས་སླར་ཡང་རྡོག་ཐོན་བྱས་པ།

    དེ་སྔའི“རྩྭ་སེར་ཆུང”ནས་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཁའེ་ཞོན།   |     སྤེལ་དུས།  2026-10-23

    ཀྲུང་གོའི་རྒྱལ་ཁབ་རྟེན་མཛོད་ཁང་དུ་མངོན་གསལ་དེ་ཙམ་མེད་པའི་རྩྭའི་ཉག་མ་སྐམ་པོ་གཉིས་ཉར་ཚགས་བྱས་ཡོད། དེ་ནི་སི་ཁྲོན་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་མཛོད་དགེ་རྩྭ་ཐང་གི་སྐ་ཆུའི་འགྲམ་ནས་བཏུས་པའི“རྩྭ་སེར་ཆུང”རེད་ལ། དམར་དམག་དཔུང་རུ་བཞི་པས་རྩྭ་ཐང་ཐེངས་གསུམ་པ་སྒྲོལ་སྐབས་ཀྱི་ལྟོགས་གསོས་ཀྱང་རེད།

    “སྐབས་དེ་དུས་གནམ་གཤིས་གྲང་ངར་ཆེ་ཞིང་གང་སར་ན་འདམ་གྱིས་ཁེངས་པའི་ཟུང་ཆུ་རྩྭ་ཐང་དུ་དཔུང་སྐྱོད་བྱེད་སྐབས། དམར་དམག་ལ་འབྲུ་རིགས་རྫོགས་པའི་དཀའ་ངལ་འཕྲད” སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་ལོ་རྒྱུས་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞུས་ཧྲའོ་ཡུང་གིས་ངོ་སྤྲོད་བྱས་དོན། འཆི་གསོན་གྱི་དཀའ་ཉེན་འཕྲད་པའི་སྐབས་དེར། སྤྱི་ཁྱབ་སི་ལིང་ཀྲུའུ་ཏེ་སྐུ་ངོ་མས་མ་བྱན་དང་ཡུལ་དེའི་བོད་རིགས་སྤུན་ཟླའི་སྣེ་ཁྲིད་དེ་རི་སྐྱེས་སྔོ་ཚོད་སྣ་ཁ་60ལྷག་ཙམ་བཏུས་ནས་ཚོད་ལྟ་དབྱེ་འབྱེད་བྱས་པ་དང་། 《རི་སྐྱེས་སྔོ་ཚོད་ཟ་སྐབས་ངེས་པར་དུ་ཤེས་དགོས་པའི་དོན་གནད》ཅེས་པ་སྒྲིག་བཟོ་བྱས་ནས་ལེན་ཤོག་ལ་སྤྲད་པ་རེད། ‘རྩྭ་སེར་ཆུང’ལ་དུག་ཡོད་ཀྱང་དེ་བཟས་ན་ཚེ་སྲོག་ལ་ཉེན་ཁ་མེད་པས་འཐབ་འཛིང་པ་ཚོས་ཡང་ནས་བསྐྱར་དུ་བཙོས་རྗེས་ཟ་ཡི་ཡོད།

    1936ལོའི་ཟླ་7པར། དམར་དམག་དཔུང་རུ་བཞི་པའི་ཀན་ཧྲེ་ལིའུ་དབྱི་ཡིས་དཔུང་སྡེ་དང་མཉམ་དུ་ཟུང་ཆུ་རྩྭ་ཐང་ཐེངས་གསུམ་པ་སྒྲོལ་སྐབས། ལམ་བར་ནས་བཏུས་པའི“རྩྭ་སེར་ཆུང”ཁག་གཅིག་ཉར་ཚགས་བྱས། 1975ལོར་ལིའུ་དབྱི་ཡིས་ལོ་40ཙམ་གཅེས་ཉར་བྱས་པའི“རྩྭ་སེར་ཆུང”རྒྱལ་ཁབ་ལ་ཞལ་འདེབས་ཕུལ་བ་མ་ཟད། ཞལ་འདེབས་གསལ་བཤད་ནང“ང་དང་མཉམ་དུ་རི་སྐྱེས་སྔོ་ཚོད་འཐུ་མཁན་འཐབ་གྲོགས་ནང་ནས་ཁག་གཅིག་ཏང་དང་མི་དམངས་ཀྱི་ཆེད་དུ་གཟི་བརྗིད་ལྡན་པའི་ངང་གངས་རི་དང་རྩྭ་ཐང་དུ་བཀྲེས་ལྟོགས་དང་། གྲང་ངར། དམག་འཐབ་བཅས་ཀྱི་ཁྲོད་དུ་རང་སྲོག་ཤོར་ཡོད……”ཅེས་བྲིས་ཡོད། རྩྭའི་ཉག་མ་དེ་གཉིས་དམག་འཐབ་གཡུལ་འགྱེད་བྱེད་རིང་ཁོང་གིས་ལུས་དང་འབྲལ་མེད་དུ་ཉར་ཞིང་། དཀའ་ཚེགས་ཆེ་བའི་དཔའ་བོའི་ལོ་ཟླ་དེར་བདེན་དཔང་བྱེད་བཞིན་མཆིས།

    ལོ་རྒྱུས་ནི་དྲན་ཤེས་ནང་གསལ་ལེར་གནས་ཤིང་། དེ་སྔ་དམར་དམག་གིས་དཀའ་ལས་མང་པོ་བརྒྱབ་ནས་བརྒལ་བའི་རྩྭ་ཐང་དེར་ད་ཆ་ཀུན་གྱིས་ཤེས་པའི་མིང་ཞིག་ཡོད་པ་དེ་ལ་མཛོད་དགེ་རྩྭ་ཐང་ཞེས་ཟེར། དེ་གར་ལྗང་མདོག་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་གསར་པ་ཞིག་འགོ་བཙུགས་ཟིན་ཡོད།

    གནམ་གཤིས་ཀྱི་འགྱུར་ལྡོག་དང་ཕྱུགས་རིགས་མང་པོ་གློད་དྲགས་པ་སོགས་ཀྱིས་རྐྱེན་པས་སྐབས་ཤིག་རིང་མཛོད་དགེ་རྩྭ་ཐང་ལ་ས་ཆ་བྱེ་འགྱུར་གྱི་གནད་དོན་ཧ་ཅང་ཚབས་ཆེན་པོ་ཡོད། 2022ལོར་མཛོད་དགེའི་རི་ཆུའི་འདུ་འགོད་དེ་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”སྐྱེ་ཁམས་ཀྱི་འདུ་འགོད་གལ་ཆེན་ལ་བརྩིས་ནས་དངོས་སུ་ལག་ལེན་བསྟར་འགོ་བཙུགས་ཡོད།

    དེང་གི་མཛོད་དགེ་རྩྭ་ཐང་དུ་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ཤིང་། གྲངས་གཞིར་ལྟ་སྐབས“ལོ་ལྔ་ཚན་བཅུ་བཞི་པའི”རིང་མཛོད་དགེ་རྫོང་གིས་རིམ་རྩིས་བརྒྱབ་ན། མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་5བཏང་ནས་བྱེ་འགྱུར་ས་ཆ་མུའུ་ཁྲི་24.4ལ་བཅོས་སྒྲིག་བྱས་པ་དང་། སྐྱེ་ཁམས་ཆུ་རགས་305གསར་དུ་བསྐྲུན་པ། རང་བྱུང་རྩྭ་ཐང་ལེགས་བཅོས་དང་། ཞན་འགྱུར་རྩྭ་ཐང་ལེགས་བཅོས། ཡུལ་རྩྭ་གསབ་འདེབས་སོགས་ཀྱི་བྱ་ཐབས་བརྒྱུད། རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་མུའུ་ཁྲི་74.3བྱས་པ་དང་། རིམ་རྩིས་བརྒྱབ་ན་ཨ་བྲ་དང་ནད་འབུའི་གནོད་འཚེ་སྔོན་འགོག་ཚོད་འཛིན་བྱེད་ཚད་མུའུ་ཁྲི་580ལྷག་ཙམ་ཟིན་ཡོད།

    མྱོང་ཚོར་ཉན་སྐབས“ཁྲུང་ཁྲུང་སྐེ་ནག་འདི་གར་ལོག་པ་དང་ཡུལ་སྐོར་བ་མང་དུ་ཕྱིན་ཡོད”འབྲོག་པ་རབ་ཁོ་དང་ཡུལ་མི་སྤུན་ཟླ་ཚོ་སྐྱེ་ཁམས་སྐོར་སྲུང་པར་གྱུར་ནས་རྩྭ་ཐང་སྲུང་སྐྱོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད། རི་ཆུའི་འདུ་འགོད་ཀྱིས་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་ལས་ཞུགས་འབབ་འཕར་སྒོར་ཁྲི་1200ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་ནས། ཞིང་འབྲོག་པའི་ཁྱིམ་གཞིས་དེ་བས་མཛེས་སྡུག་ལྡན་པ་དང་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་ཡོད།

    མཛོད་དགེའི་འགྱུར་ལྡོག་ནི་རྔ་བ་ཀྲོའུ་ཡི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བསྡུས་རིས་ཤིག་རེད། མཛོད་དགེའི་རི་ཆུའི་འདུ་འགོད་ལས་གྲྭ་དམ་འཛིན་བྱ་གཞིར་བྱས་ཏེ་རྔ་བ་དང་། མཛོད་དགེ ཧུང་ཡོན། ཟུང་ཆུ་བཅས་རྫོང་བཞིར་མཉམ་དུ་སྐུལ་འདེད་བཏང་ནས་རྔ་བ་ཀྲོའུ་ཡི་སྐྱེ་ཁམས་བཅོས་སྐྱོང་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་ཡོད། དེ་སྔའི“རྩྭ་སེར་ཆུང”ནས་ད་ཆའི་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བར་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཏེ་ནམ་ཡང་གནས་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།