ཀན་སུའུ་ཆིང་དབྱང་གིས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་བ།

འདི་ནི་ཀན་སུའུ་ཆིང་དབྱང་གྲོང་ཁྱེར་ཧྭ་ཁྲེ་རྫོང་གི་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ནན་ལིང་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་ལྟེ་བའི་འགྲེམ་སྟོན་གླིང་ཡིན་པ།
སྟོན་ཟླ་བཅུ་པར། “ལི་ཡོན་པའོ་ཙི་རུ་སྲིད་དབང་བཙུགས་རྗེས། རྒྱང་སྐྱོད་དམར་དམག་ལ་སྡོད་གནས་ཤིག་བྱུང་ཡོད། དཔའ་བོའི་གཏམ་རྒྱུད་ཁྲི་སྟོང་མང་པོ་ཡོད་པ་དང་ནན་ལིང་གི་སྙིང་སྟོབས་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་བཞིན་ཡོད”ཅེས་པའི་གླུ་ཉན་གྱིན་ཀན་སུའུ་ཆིང་དབྱང་གྲོང་ཁྱེར་ཧྭ་ཁྲི་རྫོང་ནན་ལིང་གྲོང་རྡལ་གྱི་ཞིང་ཁྱིམ་སྒོ་ར་ཞིག་ཏུ་འཛུལ་བ་དང་། དེར“ནན་ལིང་གི་གཞས་མ་གཏམ”ལེན་མཁན་ཞིག་གིས་འཁྲབ་སྟོན་བྱེད་བཞིན་མཆིས།
1935ལོའི་ཟླ་8པར། དམར་དམག་ཅུན་ཤོག་ཉེར་ལྔ་པའི་དམག་མི་3000ལྷག་ཙམ་གྱིས་ལམ་ཐག་སྤྱི་ལེ་230ཙམ་བསྐྱོད་པ་མ་ཟད་ལམ་བར་དུ་དམག་འཐབ་ཆེ་ཆུང་ཐེངས་4བརྒྱབ་རྗེས། ཕིང་ལེང་ཚའོ་ཕུང་ནས་ཆིང་དབྱང་དུ་འབྱོར་ཡོད།
2024ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་སྐབས“ཀན་སུའུ་ཡི་ལོ་རྒྱུས་རིག་གནས་གཏིང་ཟབ་པ་དང་གསར་བརྗེའི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། དེས་ན། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་དང་། རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཏུན་ཧོང་ཞིབ་འཇུག་ཁང་གིས་འཛམ་གླིང་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་དཔེ་མཚོན་དང་ཏུན་ཧོང་རིག་པའི་ཞིབ་འཇུག་གི་མཐོ་ས་བསྐྲུན་པར་རྒྱབ་སྐྱོར་བྱེད་པ། ལྕགས་རི་རིང་པོ་དང་། རྒྱང་སྐྱོད། རྨ་ཆུ་བཅས་རྒྱལ་ཁབ་ཀྱི་རིག་གནས་སྤྱི་གླིང་ཡག་པོ་སྐྲུན་ཏེ་དེང་རབས་ཅན་འཛུགས་སྐྲུན་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་སྣོན་དགོས”ཞེས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆིང་དབྱང་གྲོང་ཁྱེར་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྒྱང་སྐྱོད་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་གྱིས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་སླེབས་པར་བྱས་ནས་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་འགྲོ་བར་བྱས་ཡོད།
སྙིང་སྟོབས་རྒྱུན་འཛིན་བྱས་པས་རིག་གནས་ཡུལ་སྐོར་དར་བ།
རྒྱང་སྐྱོད་སྐབས་ཆིན་དབྱང་བརྒྱུད་སྐབས་གསར་བརྗེའི་ས་བོན་བཏབ་པས་སྙིང་སྟོབས་ཀྱི་འབྱུང་རྩ་འདིར་འཕེལ།
རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་ནན་ལིང་གསར་བརྗེའི་རྟེན་གཞིའི་ལྟེ་བའི་འགྲེམས་སྟོན་གླིང་དུ་སྐྱོད་སྐབས་དེར་དངོས་ལྗོངས་རྣམ་པའི《ནན་ལིང་དམག་འཁྲུག》འཁྲབ་བཞིན་འདུག དེ་ཡང་ས་སེར་མཐོ་སྒང་གར་སྟེགས་སུ་བྱས་པ་དང་། ས་ཕུག་དང་ཅོག་ཐང་སོགས་རྒྱབ་ལྗོངས་སུ་བྱས་ནས། སྒྲ་འོད་གློག་གསུམ་གྱི་ཁྲོད་དུ་ལྟད་མོ་བ་རྣམས་ལ་དམག་འཁྲུག་གི་ལོ་ཟླའི་ནང་སླེབས་པ་ལྟ་བུའི་ཚོར་སྣང་སྦྱིན་བཞིན་འདུག་ལ། ལོ་ཟླའི་སྦྲག་ཁང་དང་། ནན་ལིང་མེ་སྟག་འགྲེམས་སྟོན་ཁང་སོགས་ཀྱི་ལྟ་ཐུབ་ལ་ཉན་ཐུབ་པ་མ་ཟད་མྱོང་རོལ་ཐུབ་པའི་འདས་སོང་གི་ལོ་རྒྱུས་སླར་ཡང་མི་རྣམས་ཀྱི་མིག་ལམ་དུ་འཆར།
གཞུང་ལམ་ཤར་གཏོང་ཐུབ་པས་འཕེལ་རྒྱས་ཀྱི་ལམ་བུ་ཡངས་སུ་ཕྱིན་པ།
གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པའི་འཕེལ་རྒྱས་མྱུར་ཚད་མགྱོགས་སུ་ཕྱིན་པ་དང་རི་ཀླུང་ཁྲོད་ནས་འགྱུར་ལྡོག་མངོན་བཞིན་ཡོད།
ཐའེ་ཧྭ་གཞུང་ལམ་གྱི་ཨར་ལས་བྱ་ཡུལ་དུ་བརྡལ་འགྲེམས་འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་བཞིན་ཡོད་པ་དང་། “ལམ་ངོས་སུ་སྣུམ་ནག་འདིང་བཞིན་ཡོད། མགྱོགས་པོ་ཚར་བ་འདུག”ཅེས་གཞུང་ལམ་རྣམ་གྲངས་ཀྱི་འགན་འཁུར་བ་ཀྲང་ཤིའུ་ཀྲིས་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཐའེ་ཧྭ་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་74.2ཡོད་པ་དང་། ལམ་བར་དུ་ཧོ་ཧྲུའེ་དང་ཧྭ་ཁྲེའི་འབྲེལ་ཡོད་ཤང་དང་གྲོང་རྡལ་བརྒྱུད་དགོས་ཀྱི་ཡོད། གཞུང་ལམ་བསྐྲུན་ཟིན་རྗེས་ནན་ལིང་དུ་རིམ་མཐོའི་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད། དེ་དང་དུས་གཅིག་ལ་སྐྲུན་བཞིན་ཡོད་པའི་ཝུའུ་ཧྭ་མྱུར་བགྲོད་གཞུང་ལམ་གྱི་བྱང་ཕྱོགས་ནས་བསྐྱོད་ཚེ། ཧྲའན་ཤིས་ཝུའུ་ཆི་ནས་ཀྲེ་ཏན་བརྒྱུད་ཀན་སུའུ་ཧྭ་ཁྲེ་རུ་འབྱོར་བ་དང་། ཏ་ཆིང་མྱུར་བགྲོད་གཞུང་ལམ་སོགས་དང་སྦྲེལ་ནས། ནན་ལིང་དང་ཡན་ཨན། ཀྲི་ཏན། ཝུའུ་ཆི་སོགས་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པ་གཅིག་ཏུ་སྦྲེལ་ཡོད་ཅེས་བཤད།
ལམ་ཆེན་ཕྱི་ཕྱོགས་སུ་བསྲིངས་པ་དང་ལམ་ཆུང་རི་གྲོང་དུ་བསྐྲུན་ཞིང་། ཆིང་དབྱང་གྲོག་རོང་བརྒྱུད་ཀྲོང་ཙི་མའོ་རུ་སྐྱོད་སྐབས་རི་མཐོ་ལ་གྲོག་རོང་གཟར་བས་དེ་སྔ་དུད་ཚང་22ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་6000ཡང་ཟིན་གྱི་མེད། ད་ཆ་ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་མྱུར་སྐྱེལ་རླངས་འཁོར་ནས་ཕྱིར་གཏོང་བ་དང་ཡུལ་སྐོར་བ་རི་ལམ་བརྒྱུད་གྲོང་ཚོར་ཡོང་གི་ཡོད་ཅིང་། ལག་ཐོགས་ཁ་པར“ཞིང་ལས་ཀྱི་ཡོ་བྱད་གསར་པར”གྱུར་པ་དང་ཐད་གཏོང“ཞིང་ལས་གསར་པར”གྱུར་ཡོད།
འཕེལ་རྒྱས་ཀྱི་ལམ་བུ་གསར་པར་བསྐྱོད་པས་འགུལ་ནུས་ཆེ་རུ་ཕྱིན་པ།
ཧྭ་ནུས་ལུང་ཏུང་ནུས་རྒྱུའི་རྟེན་གཞིར་རླུང་འཁོར་རེ་རེ་རླུང་ཕྱོགས་དང་བསྟུན་ནས་འཁོར་ཏེ་རང་བྱུང་རླུང་ཆེན་ལྗང་མདོག་གློག་ལ་འགྱུར་བཞིན་ཡོད། “ཤར་གྲངས་ནུབ་རྩིས”ཀྱི་ཐོན་ལས་གླིང་དུ་ཞབས་ཞུའི་འཕྲུལ་ཆས་རེ་རེ་ཉིན་མཚན་མེད་པར་འཁོར་སྐྱོད་བྱེད་པ་དང་གཞི་གྲངས་སྤྲིན་རུམ་དུ་སྐྱེལ་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།