ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གིས་ལས་ཞུགས་ཚོགས་སྤྱི་གསར་པ་གཞི་རིམ་བཅོས་སྐྱོང་ནང་ཞུགས་པའི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་པ།
མངག་ཚོང་སྐྱེལ་མཁན“སྐོར་སྐྱོད་མདུན་ཕྱོགས་སོ་པར”བསྒྱུར་པ།
ལས་ཞུགས་ཚོགས་སྤྱི་གསར་པ་ནི་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་མེད་དུ་མི་རུང་བའི་སྟོབས་ཤུགས་གསར་པ་ཞིག་རེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྤོ་བོ་རྫོང་ཚོད་ལྟ་བྱ་ཡུལ་དུ་བྱས་པ་དང་མངག་ཚོང་སྐྱེལ་མཁན་ཁྲོམ་གཞུང་དུ་རྒྱུན་དུ་སྐྱོད་དགོས་པ་དང་། བབ་བསྟུན་ཆེ་བ། མང་ཚོགས་དང་ཉེ་བཅར་ཆེ་བ་བཅས་ཀྱི་དམིགས་བསལ་ལེགས་ཆར་བརྟེན་ནས“སྤོ་བོའི་མངག་སྐྱེལ་ཕོ་གཞོན། སྐོར་སྐྱོད་མདུན་ཕྱོགས་སོ་པ”ཞེས་པའི་སྒུལ་བདེའི་དྲ་མིག་པའི་དང་བླངས་ཞབས་ཞུའི་སྒྱུར་བཅོས་ཚོད་ལྟའི་ལས་དོན་གསར་གཏོད་ཐོག་ནས་སྤེལ་ཏེ། མངག་ཚོང་སྐྱེལ་མཁན་དག་གཞི་རིམ་བཅོས་སྐྱོང་གི“སྐོར་སྐྱོད་མདུན་ཕྱོགས་སོ་པར”བསྒྱུར་ནས་གྲོང་ཁྱེར་བཅོས་སྒྲིག་གི“མཐའ་སྣེ”ཤར་གཏོང་ཐུབ་པར་བྱས་པ་རེད།
དཔུང་ཁག་འཛུགས་སྐྱོང་ཐད། སྤོ་བོ་རྫོང་གིས་མངག་ཚོང་སྐྱེལ་སྟེགས་དང་མཉམ་དུ་རྫོང་གྲོང་གི་དྲ་མིག་དབྱེ་འབྱེད་ཁྱབ་ཁོངས་6ལ་གཞི་ཚུགས་ཏེ། འགན་སེམས་ཆེ་བ་དང་གྲོང་ཁུལ་གྱི་ཁྲོམ་གཞུང་ལ་རྒྱུས་མངའ་ཆེ་བའི་མངག་ཚོང་སྐྱེལ་མཁན་20འདེམས་སྒྲུག་བརྒྱབ་ནས“སྤོ་བོའི་མངག་སྐྱེལ་ཕོ་གཞོན”གྱི་དང་བླངས་ཞབས་ཞུའི་རུ་ཁག་བཙུགས་པ་དང་ཆབས་ཅིག བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དང་། དམངས་ཀྱི་གནས་ཚུལ་འཚོལ་བསྡུ། དུས་བདེའི་སྐོར་གཡེང་སྔོན་བརྡ། སྲིད་ཇུས་ཤེས་དཔལ་དྲིལ་བསྒྲགས་བཅས་འགན་འཁྲི་ཆེན་པོ་བཞི་ཡང་ཁ་གསལ་བཟོས་ཡོད། བཟའ་བཅའི་བདེ་འཇགས་ལྟ་སྐུལ་ཐད། མངག་ཚོང་སྐྱེལ་མཁན་གྱིས་མངགས་ཟས་ལེན་སྐབས་བཟའ་བཏུང་ཚོང་ཁང་གི་གཉེར་སྐྱོང་འོས་ཐོབ་དང་། ཐབ་ཚང་གི་བཀོལ་སྤྱོད། ཁོར་ཡུག་གཙང་སྦྲ་བཅས་ཀྱི་གནས་ཚུལ་ལ་ལྟ་བཤེར་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་དམངས་ཀྱི་གནས་ཚུལ་འཚོལ་བསྡུའི་ཐད། དུས་ཐོག་ཏུ་འགྲོ་ལམ་ལ་གཏོར་སྐྱོན་ཕོག་ཚུལ་དང་། ཆུ་འགྲོའི་ཁེབས་གཅོད་ལ་ཆག་སྐྱོན་བྱུང་ཚུལ། ལམ་བཟུང་གཉེར་སྐྱོང་བྱ་ཚུལ་སོགས་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ། དུས་བདེའི་སྐོར་གཡེང་སྔོན་བརྡའི་ཐད། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་དང་། འགྲིམ་འགྲུལ་གྱི་མ་རབས་སྤྱོད་ཚུལ། ཁྲོམ་གཞུང་གི་ཉེན་ཆེའི་ས་གནས་བཅས་ལ་གྲལ་བཤེར་བྱས་ནས་འགལ་ཟླ་དང་རྩོད་གཞི་ཐོན་མ་ཐག་དུས་ཐོག་ཏུ་སྙན་སེང་ཞུ་དགོས་པ། སྲིད་ཇུས་ཤེས་དཔལ་དྲིལ་བསྒྲགས་ཐད། རྒྱུན་གཏན་གྱི་སྡེབ་སྐྱེལ་ལམ་ཐིག་ལ་བརྟེན་ནས་ཚོང་དུད་དང་གྲོང་མིར་དམངས་ཕན་སྲིད་ཇུས་དང་། ཤེས་དཔལ་སྲོལ་གཏོད། བདེ་འཇགས་ཐོན་སྐྱེད་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱེད་དགོས་ཤིང་། དཔུང་ཁག་བཙུགས་རྗེས་སྲིད་ཇུས་དང་རིགས་པའི་གཞུང་ལུགས་དང་། མངོན་མེད་རྐྱེན་ངན་དབྱེ་འབྱེད། འགལ་ཟླ་སེལ་གཅོད་སོགས་ཀྱི་ཆེད་དོན་གསོ་སྦྱོང་རྒྱུན་དུ་སྒྲིག་འཛུགས་བྱེད་པ་དང་། དུས་ཚིགས་རེར་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས་ནས་ཕན་འབྲས་བསྐྱར་ཞིབ་དང་གནད་དོན་བཤེར་འདོན་བྱེད་པ། མངག་ཚོང་སྐྱེལ་མཁན་གིས་མངགས་ཟས་སྐྱེལ་བའི་ཞོར་ལ་གཞི་རིམ་བཅོས་སྐྱོང་གི་སྐོར་ཞིབ་འགན་འཁྲི་འཁུར་དགོས་པའི་ཁྲིད་སྟོན་བྱས་ཡོད།
སྐུལ་ལྕག་ཐུགས་ཁུར་ཐད། སྤོ་བོ་རྫོང་གིས་སྐར་གསོག་སྐུལ་ལྕག་དོ་དམ་བྱ་ཐབས་བཏོན་ཞིང་། མངག་ཚོང་སྐྱེལ་མཁན་གྱིས་གནད་དོན་གྱི་ཁུངས་སྣེ་མཁོ་འདོན་བྱས་པ་དག་སྐར་མར་བརྩིས་ནས་བསགས་ཏེ། དུས་ཚིགས་རེར་འཚོ་བའི་མཁོ་རྫས་བརྗེ་ཆོག་པ་དང་། ལོ་ཕྱེད་རེར་སྐར་མ་རྩིས་བརྒྱབ་ནས་ཨང་རིམ་སྒྲིག་པ་དང་འབྲེལ་མངག་ཚོང་སྐྱེལ་མཁན་ཨང་དང་པོ་ནས་གསུམ་པ་བར་ལ་འཚམས་འདྲི་བྱས་ཏེ། མངག་ཚོང་སྐྱེལ་མཁན་བཅོས་སྒྲིག་ནང་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད།
འབྲེལ་ཡོད་གསར་འགྱུར།