སེ་འབྲུའི་རྡོག་ལྟར་དམངས་སེམས་གཅིག་ཏུ་སྒྲིལ། ལག་གདང་སྦྲེལ་ནས་རྒྱང་ལམ་གསར་པར་སྐྱོད།
——ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་སོ་དྲུག་པའི་བྱེད་སྒོ་སྤེལ་བའི་མཐོང་ཐོས།
རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བ་སོ་དྲུག་པའི་བྱེད་སྒོ་སྤེལ་འགོ་ཚུགས་པ་ནས་བཟུང་། ལྷ་ས་གྲོང་ཁྱེར་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་ནས། བརྗོད་དོན་གཙོ་བོར་དམིགས་པ་དང་། རྣམ་པ་གསར་པ་གཏོད་པ། གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་བ། བྱ་ཐབས་དངོས་སྤེལ་བ་བཅས་བྱས་ཏེ་མཐོང་རྒྱུ་ཡོད་པ་དང་། ཚོར་རྒྱུ་ཡོད་པ། ནུས་པ་ལྡན་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ལག་ལེན་བྱེད་སྒོ་རབ་དང་རིམ་པ་སྤེལ་ཐོག མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འདུ་ཤེས་མང་ཚོགས་ཀྱི་འཚོ་བ་དང་གྲོང་ཁྱེར་གྱི་ཁྲོམ་ལམ་ཆེ་ཆུང་གང་སར་ཁྱབ་པར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་ལ་ཟུག་པར་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་གཏོད་པའི་ལས་དོན་སྤུས་འབྲས་ལེགས་གཉེར་དང་གཏིང་ཟབ་ལ་ཏན་ཏིག་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་བ་རེད།
དྲིལ་བསྒྲགས་ཟླ་བའི་རིང་། ལྷ་ས་གྲོང་ཁྱེར་གྱི་ཚན་པ་ཁག་གིས་མཉམ་འགུལ་རྒྱ་ཁྱབ་དང་ས་ཚིགས་མང་པོ་ནས་ཤུགས་སྣོན་བརྒྱབ་སྟེ་དཔེ་བཟང་ཁུལ་གཏོད་པའི“བཅུ་སྤེལ+N”ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་དང་། “ང་ཚོའི་དུས་ཆེན·ཟླ་མཆོད་དུས་ཆེན”གྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་བྱེད་སྒོའི་གཞི་རྟེན་གསར་གཏོད་དང་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ཁར། མི་རིགས་ཁག་གི་མང་ཚོགས་བྱེད་སྒོར་ཞུགས་པར་སྐུལ་སློང་རྒྱ་ཁྱབ་བྱས་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་མང་ཚོགས་དང་དེ་བས་འབྲེལ་འདྲིས་དང་། དེ་བས་དགའ་མོས། དེ་བས་མི་སེམས་དྲོ་བ་བཅས་སུ་འགྱུར་བར་བྱས་ཡོད།
རྩོམ་ཡིག་ལ་བརྟེན་ནས་ཤན་ཞུགས་པ་དང་། སྒྱུ་རྩལ་ལ་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་བསྡུ་བ། རི་མོར་བརྟེན་ནས་བརྩེ་སེམས་མཚོན་པ་བཅས་བྱས་ཤིང་། དྲིལ་བསྒྲགས་ཟླ་བའི་ལས་སྟེགས་ལ་བརྟེན་ནས་ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་བརྗོད་དོན་གཙོ་བོའི་ཡིག་གཟུགས་དང་རི་མོའི་འགྲན་བསྡུར་གཉེར་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གཞི་རྟེན་དུ་བྱས་ཏེ་མི་རིགས་ཁག་དང་ལས་རིགས་ཁག་གི་སེམས་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་ཡིག་གཟུགས་དང་རི་མོར་དགའ་པོ་བྱེད་མཁན་ཚོས་དེའི་ནང་ཧུར་ཐག་ཞུགས་པ་མ་ཟད་ཡིག་གཟུགས་དང་རི་མོའི་ལམ་ནས་བརྩེ་སེམས་མཚོན་པར་བྱས་ཤིང་། ཐུན་མོང་མ་ཡིན་པའི་བརྩམས་ཆོས་རེ་རེ་ལས་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། དམག་དམངས་མཉམ་སྐྲུན། ཁ་གཏད་བོད་སྐྱོར་སོགས་བྱ་གཞག་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་མངོན་པར་བྱས་པ་དང་། གངས་ལྗོངས་ས་མཐོའི་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད།
ཁྲིམས་སྐྱོང་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འགན་ལེན་བརྟན་པོ་ཞིག་ཡིན་ལ། སྒར་རེས་རྣམ་པའི་སྤྱི་ཚོགས་གྲུབ་ཚུལ་འཛུགས་སྐྱོང་གཏིང་ཟབ་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་ཡིན། ད་ཐེངས་ཀྱི་དྲིལ་བསྒྲགས་ཟླ་བའི་རིང་། ལྷ་ས་གྲོང་ཁྱེར་གྱིས“མི་རིགས་འདྲ་མིནམཉམ་དུ་སྡོད། ཁྲིམས་སྐྱོང་དྲིལ་བསྒྲགས་མཉམ་དུ་སྤེལ”ཞེས་པའི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་དང་སྲིད་ཇུས་གསལ་འགྲེལ་བྱ་རྒྱུ་དེ་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་གཏིང་ཟབ་ཡོང་བར་བྱས་ཏེ་ཁྲིམས་སྐྱོང་གི་སྟོབས་ཤུགས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ལ་གཡས་གཞོགས་གཡོན་འདེགས་དང་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཡོད།
ཁྲེང་ཀོན་ཆུས་སྐྱིད་རས་སྡེ་ཁུལ་དུ་མི་རིགས་ཁག་གི་ཚོང་དུད་མཐུན་འབྲེལ་དང་ཁྲིམས་སྐྱོང་སྒྲོག་འགྲེལ་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། སྡེ་ཁུལ་གྱི་བཅའ་ཁྲིམས་བློ་འདྲི་བ་སྐལ་བཟང་སྒྲོལ་མས་གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་ཏེ། ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་ཚོང་དུད་མཉམ་གནས་སོགས་ཀྱི་དཔེ་མཚོན་གྱོད་དཔེ་དྲངས་ནས་གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་དང་གནས་ལུགས་ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་བཏང་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་ལྟེ་བའི་ནང་དོན་དང་། མི་རིགས་འདྲ་མཉམ་དང་། མཐུན་སྒྲིལ་རོགས་རེས། ཐུན་མོང་འཕེལ་རྒྱས་སོགས་ཀྱི་ནང་དོན་གཙོ་བོར་དོན་ཟབ་གོ་བདེའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ་མི་རིགས་ཁག་གི་ཚོང་དུད་ཀྱིས་ཁྲིམས་བཀུར་བ་དང་། ཁྲིམས་སྦྱོང་བ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱེད་པར་ཁྲིད་སྟོན་གྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཞི་མཐུན་གྱི་ཚོང་སྐོར་མཉམ་སྐྲུན་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ཡོད།
གསེར་མདོག་སྟོན་ཁར་དྲོ་སྐྱིད་སྦྱིན། མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད། ཉིན་ཤས་བསྟུད་མར་ལྷ་ས་གྲོང་ཁྱེར་གྱིས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཐོག་ནས་འབྲེལ་ཟམ་འཛུགས་པ་དང་། རིག་གནས་ལ་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ། ཁྲིམས་སྐྱོང་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། དམངས་ཕན་གྱི་དོན་དངོས་ལ་བརྟེན་ནས་དམངས་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་གནའ་གྲོང་གི་གང་སར་བཞད་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།