ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས།
ནག་སེལ་གཤེད་བཅོམ་གྱི་རྒྱུན་རྣམ་ཅན་གྱི་རེས་སྐོར་དང་པོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ནི་བྱེད་སྒོ་སྤེལ་ཡུལ་དུ་ལས་དོན་པས་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་མཉམ་ཞུགས་དང་སྡེ་ཚན་མཉམ་འགུལ་གྱི་བྱ་ཐབས་སྤྱད་ནས་ནག་སེལ་གཤེད་བཅོམ་དང་འཐབ་རྩོད་ཀྱི་རྒྱུན་རྣམ་ཅན་གྱི་རེས་སྐོར་དང་པོའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཏེ། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་དེར་ཞུགས་ཚད་མཐོ་རུ་ཤུགས་ཆེན་བཏང་ནས་དུས་བདེའི་སྨར་ཁམས་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད་པ་རེད།
ད་ཐེངས་ཀྱི་བྱེད་སྒོར་སྨར་ཁམས་རྫོང་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གིས་སྤྱི་འདོམས་བྱས་ཤིང་། རྫོང་སྤྱི་བདེ་ཅུས་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་སོགས་ཚན་པ་33དང་མཉམ་དུ་རྫོང་གྲོང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། ཤང་དང་གྲོང་རྡལ་16དང་། གྲོང་ལྷན་67 དགོན་སྡེ་དོ་དམ་ཨུ་ལྷན་28བཅས་དུས་གཅིག་ཏུ་སྐུལ་སློང་བྱས་ཏེ་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱས་པ་དང་། ཁྲོམ་གཞུང་དུ་བཅའ་ཁྲིམས་ཁྱབ་གདལ་བཏང་བ། གཅིག་སྡུད་ཐོག་དོགས་གནད་སེལ་བ། སྐོར་སྐྱོད་རྒྱང་བསྒྲགས་གློད་པ་སོགས་ཀྱི་སྟབས་བསྟུན་བྱ་ཐབས་སྤྱད་དེ་དྲིལ་བསྒྲགས་གང་སར་ཁྱབ་པར་བྱས་པ་རེད།
རྫོང་གྲོང་གི་ཚོགས་ར་གཙོ་བོར་དྲིལ་བསྒྲགས་ས་ཚིགས་34ཡིས་སྐད་ཡིག་གཉིས་ཀྱི་འཕྲེད་འགེལ་སྦྱར་ཡིག་མངོན་གསལ་དོད་པོར་བཀལ་བ་དང་། འགྲེམས་པང་28ཀྱི་ངོས་སུ་ཡིག་རིས་སྣ་ཚོགས་བཀོད་དེ་ནག་སེལ་གཤེད་བཅོམ་གྱི་གཙོ་གནད་གྱོད་དཔེ་དང་བཅའ་ཁྲིམས་ཀྱི་ནང་དོན་མངོན་པར་བྱས་ཡོད། ལས་དོན་མི་སྣས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲིག་འཛུཌ་ཡོད་པའི་ཉེས་གསོག་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས། “གཤེད་མ་དྲུག”བཅོས་སྒྲིག་དང་གཙོ་གནད་ཁྱབ་ཁོངས་ཀྱི་ཟིང་བཅོས་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་མང་བ་དང་ཟུང་འབྲེལ་བྱས་ཏེ་གྱོད་དཔེ་དྲངས་ནས་ཁྲིམས་ལ་འགྲེལ་བཤད་རྒྱག་པ་དང་ས་ཡུལ་དངོས་སུ་དོགས་གནད་སེལ་བ་སོགས་བྱས་ནས་ནག་སེལ་གཤེད་བཅོམ་དང་འབྲེལ་བའི་ཁུངས་སྣེར་དབྱེ་འབྱེད་དང་། ཐེར་འདོན་བྱ་ཐབས། ཁེ་དབང་སྲུང་སྐྱོང་བྱ་ཐབས་བཅས་ཁ་གསལ་བཟོས་ཏེ་ཁྲིམས་དང་མ་མཐུན་པར་འཁྲས་བཅར་རྙོག་ཞུ་དང་། ཚོང་གྲོགས་ལ་མགོ་སྐོར་གཏོང་བ་དང་ཚོང་ར་ཧམ་བཟུང་སོགས་བྱེད་པའི་བཅའ་ཁྲིམས་ཀྱི་མཇུག་འབྲས་གསལ་པོ་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།