ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་།
རྫ་མར་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་3053.88བགོ་བཤའ་བརྒྱབ་པ།
2017ལོའི་ཟླ་9པར། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སེ་ཆེན་ཤང་རྫ་མར་སྣ་མང་གཉེར་སྐྱོང་མཉམ་ལས་ཁང་ཐོ་འགོད་བྱས་ནས་བཙུགས་ཚུན། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་། གྲོང་ཚོའི་ལས་བྱེད་པས་སྣེ་ཁྲིད། གྲོང་ཚོ་དང་མཉམ་དུ་ཕྱུག་པོ་ཆགས་པ་བཅས་མཐའ་འཁྱོངས་ཀྱིས་རྨང་གཞི་ཞན་པའི་འབྲི་གཡག་གསོ་ཚགས་བྱེད་པོ་རྐྱང་པ་ནས་གསོ་ཚགས་དང་། ལས་སྣོན། ཕྱིར་ཚོང་། དམངས་ཕན་ཞབས་ཞུ། སྐྱེ་ཁམས་བཅོས་སྐྱོང་བཅས་ལ་ཁྱབ་པའི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་སྣ་མང་འཕེལ་རྒྱས་མཉམ་ལས་ཁང་ཞིག་ཏུ་རིམ་བཞིན་འཕེལ་རྒྱས་ཕྱིན་ནས། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་ཁྲི་4586.38བྱུང་བ་དང་མང་ཚོགས་ལ་ཁེ་སྤོགས་སྒོར་ཁྲི་3053.88བགོས་ཡོད། དེའི་ནང་2025ལོར་མཉམ་ལས་ཁང་གི་ལས་གཉེར་ཡོང་འབབ་སྒོར་ཁྲི་1002ཟིན་ནས་སྒོར་ཁྲི་སྟོང་གི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་། 2026ལོའི་ཟླ་དང་པོར་རང་སྐྱོང་ལྗོངས་རིམ་པའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་བདམས་ཡོད།
གྲུབ་འབྲས་དེ་དག་ནི་དངོས་སྒྲུབ་ཀྱི་བྱེད་ཐབས་རབ་དང་རིམ་པ་ལས་བྱུང་བ་ཞིག་ཡིན་ཞིང་། མཉམ་ལས་ཁང་གིས་ཤང་དེ་ཡོངས་ཀྱི་མུའུ་ཁྲི་2.5ཡི་སྤུས་ལེགས་རང་བྱུང་རྩྭ་རའི་ཐོན་ཁུངས་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་འབྲོག་ལས་གཙོ་བོར་གཞོལ་ཏེ། འབྲི་གཡག་ལག་ཡོད་མགོ་གྲངས་100ལྷག་ཙམ་ནས་ད་ཡོད་མགོ་གྲངས་2100ལྷག་ཙམ་བར་འཕར་བར་སྐུལ་འདེད་བཏང་བ་དང་། ཤང་དེ་ཡོངས་ཀྱི་ཁྱིམ་ཚང་འབྲོག་རའི་ཕྱུགས་ཟོག་ལག་ཡོད་མགོ་གྲངས་12409ལ་སྐུལ་ཁྲིད་བྱས་པས། གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། ཞིབ་ལས་ཅན་བཅས་ཀྱི་ས་མཐོའི་སྐྱེ་ཁམས་གསོ་ཚགས་ཀྱི་རྣམ་པ་ཞིག་གྲུབ་ཡོད། འབྲོག་ལས་ཐོན་རྫས་གཅིག་གྱུར་ཉོ་སྒྲུབ་དང་། ཞིབ་དཔྱད་ཚད་ལེན། ལས་སྣོན། ཐུམ་སྒྲིལ། བྲིན་ཚོང་བཅས་ཚད་ལྡན་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་སྤེལ་ནན་པོ་བཏང་ནས། རང་འགུལ་ལས་སྣོན་སྒྲིག་ཆས་དང་། རླུང་འཐེན་ཐུམ་སྒྲིལ་སྒྲིག་ཆས། གྲང་ཉར་སྐྱེལ་འདྲེན་སྒྲིག་ཆས་བཅས་ཆ་ཚང་སྒྲིག་སྦྱོར་བྱས་ཏེ། འབྲོག་ལས་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཚོད་འཛིན་ཐུབ་པ་དང་། འབྱུང་རྩ་ཁུངས་འདེད་ཐུབ་པ། སྤུས་ཚད་བློས་འགེལ་ཆོག་པ་བཅས་བྱུང་ཡོད། རང་སྐྱོང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག“ལ་ལའི”སྲོལ་རྒྱུན་བཟོ་རྩལ་དེ་ཉིད་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་སྤུས་རྟགས་གཏོད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་ཁྱད་ལྡན་འབྲོག་ལས་ཐོན་རྫས་རིག་གནས་ཀྱི་ཟུར་བསྣན་རིན་ཐང་དང་ཁྲོམ་རའི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་ནུས་ལྡན་བཏང་ཡོད། ཁྲོམ་རའི་ཚོང་སྒྱུར་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས། ལྷ་ས་གྲོང་ཁུལ་དང་། སྙན་རོང་རྫོང་གྲོང་། སེ་ཆེན་ཤང་བཅས་སུ་དངོས་ཚན་བྲིན་ཚོང་ཚོང་ཁང་བཀོད་སྒྲིག་བྱས་ཏེ་དྲ་ཕྱིའི་ལྟེ་བའི་ཁྲོམ་ར་བརྟན་པོ་ཡོང་བར་བྱས་ཡོད། གསོག་འཇོག་སྣུར་སྲིང་གི་ཐོན་ལས་འཁོར་འབྲེལ་རྣམ་གྲངས་དུས་མཉམ་དུ་ཇུས་འགོད་བྱས་ནས། ལྕི་བ་ལས་སྣོན་ཚད་ལྡན་ཅན་གྱི་བཟོ་ཁང་བསྐྲུན་ནས་འབྲོག་ལས་རྒྱུན་འཁོར་དཔལ་འབྱོར་འཕེལ་རྒྱས་ཀྱི་ཞན་ཆ་བསལ་ཏེ་ཐོན་ལས“མ་བཅོས་རྒྱུ་ཆ་འཚོང་བ”ནས“ལས་སྣོན་ཞིབ་ཚགས་དང་སྤུས་རྟགས་ཀྱི་རིན་གོང་འཕར་བའི”བར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།