མཚན་ཁྲོམ་གསར་རྙིང་མཉམ་དུ་དར། ས་མཐོའི་མཚན་ལྗོངས་རྣམ་པར་བཀྲ།
——ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་སྤུས་རིམ་མཐོ་རུ་ཕྱིན་ནས་གསོན་ཤུགས་གསར་པ་རྒྱས་པ།
ས་རུབ་ལ་ཁད་དུ་མཚན་ཁྲོམ་ནས་གློག་འོད་ལམ་ལམ་དུ་འཕྲོ་ཞིང་། མི་ཚོགས་ཆེ་བའི་ལྷ་སའི་མཚན་ཁྲོམ་ཆེ་ཁག་ཏུ་འཁྲུག་ཆ་ཤིན་ཏུ་དོད། ད་ཆ་ལྷ་སའི་མཚན་མོའི་དཔལ་འབྱོར་ལ་ཆ་མཚོན་ན། མཚན་ཁྲོམ་རྙིང་པས་རྩ་བ་བརྟན་ཚུགས་དང་མཚན་ཁྲོམ་གསར་པས་གསར་གཏོད་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད། རྙིང་གཅིག་གསར་གཅིག་དང་ཕྱོགས་གཉིས་ནས་མཐུན་རྐྱེན་སྦྱར་བ་ལས། ཉི་འོད་གྲོང་ཁྱེར་གྱི་རྒྱུན་འཇགས་དྲོ་སྐྱིད་སོར་འཇོག་བྱུང་ཡོད་ལ་ལང་ཚོའི་རླབས་རྒྱུན་གསར་པ་ཞིག་ཀྱང་ལང་ལོང་དུ་འཕྱུར་བཞིན་མཆིས།
མཚན་ཁྲོམ་རྙིང་པས་གྲོང་ཁྱེར་གྱི་དྲན་ཤེས་བརྟན་པོར་བསྲུངས་པ།
ལྷ་སར་བཙུགས་ནས་ལོ་20ལྷག་ཙམ་སོང་བའི་མཚན་ཁྲོམ་རྙིང་པ་དེ་ཉིད་1999ལོར་ཐོག་མར་བཙུགས་སྐབས་ཀྱི་ཚོང་ར་སྟབས་བདེ་ཞིག་ནས་ལས་རིགས་འཐུས་ཚང་དང་དོ་དམ་ཚགས་ཚུད་ཀྱི་ཚད་ལྡན་ཅན་གྱི་མཚན་མོའི་ཁྲོམ་གཞུང་ཞིག་ཏུ་གྱུར་ཞིང་། 2024ལོར་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་དཔེ་སྟོན་ས་ཚིགས་ཁག་དང་པོའི་གྲས་སུ་བཅུག་རྗེས་ལྷ་ས་བ་མི་རབས་ཁ་ཤས་ཀྱི་དྲན་ཤེས་སུ་གསལ་བའི་མཚན་མོའི་འཚོ་བའི་གནས་རྟགས་ཤིག་ཏུ་གྱུར་ཡོད།
སྨི་ངོས་གྲུ་ཁྲི་1.7ཡོད་པའི་ཁྲོམ་གཞུང་དེའི་ནང་ཚོང་དུད་355ཡིས་གོ་རིམ་ལྡན་པའི་ངང་ཚོང་གཉེར་བྱས་ཏེ། ཁྱད་ལྡན་བཟའ་བཏུང་གཙོ་བོ་དང་རིག་གནས་གསར་གཏོད་ཕལ་པར་བྱས་པའི་སྣ་མང་ལས་རྣམ་ཞིག་བཏོད་ཡོད། 2024ལོར་ཐན་ཧའེ་མཚན་ཁྲོམ་རིམ་སྤོར་བྱུང་རྗེས་ཕྱིའི་རྣམ་པ་གསར་རྐྱང་དུ་གྱུར་ཞིང་། ས་ངོས་དང་ཆུ་གློག་མདོང་དྲ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། ཁྲོམ་བཀྱག་ཚད་ལྡན་ཅན་དུ་སྒྱུར་བཀོད་བྱུང་སྟེ། སྔ་མོའི་འཁྲུག་ཆ་སོར་འཇོག་བྱུང་བ་དང་ཆབས་ཅིག ཕྱིའི་རྣམ་པ་མཛེས་སུ་དང་ནུས་པ་ཆེ་རུའང་ཕྱིན་ཡོད།
ལྷ་སའི་གྲོང་མིའི་ངོས་ནས་བརྗོད་ན། མཚན་ཁྲོམ་དེ་ཉིད་ལས་ཀ་གྲོལ་རྗེས་ངལ་གསོ་ས་དང་གཉེན་ཉེ་མཉམ་འཛོམས་བྱེད་ས་ཞིག་ཏུ་གྱུར་ཡོད། གྲོང་མི་ནོར་བུས“འཁྲུག་ཆ་དོད་ཀྱང་སྐད་ཅོར་ཆེན་པོ་མེད་པས་བློ་བདེ་བག་ཕེབས་ཡོང་གི་འདུག དེ་ནི་མིང་དོན་མཚུངས་པའི་ལྷ་སའི་མཚན་ཁྲོམ་ཞིག་རེད”ཅེས་བཤད།
ཞིང་ཟོག་ཁྲོམ་ར་དར་ཆེའི་མཚན་ཁྲོམ་དུ་རིམ་སྤོར་བྱས་པ།
སྐུ་འབུམ་ཐང་མཚན་ཁྲོམ་ནི་ཞིང་ཟོག་ཁྲོམ་ར་རིམ་སྤོར་སྒྱུར་བཀོད་བྱས་ནས་བྱུང་བའི་མཚན་ཁྲོམ་གསར་པ་ཞིག་ཡིན་ཞིང་། དེས་ཉིན་མོར་ཞིང་ཟོག་འཚོང་བ་དང་མཚན་མོར་སྤྲོ་གསེང་དཔལ་འབྱོར་གཉེར་སྐྱོང་བྱས་ཏེ། བེད་མེད་དུ་ལུས་པའི་ས་ཆ་གང་འགབ་ཅི་སྤྱོད་བྱས་ཡོད་ལ། གྲོང་ཁུལ་གྱི་དབྱིངས་ཞུགས་རྣམ་པའི་མཚན་མོའི་འཛད་སྤྱོད་ཀྱི་སྟོང་ཆའང་བསྐངས་ཡོད།
མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་དོན་ནི་གདུབ་ཟུམ་རྣམ་པའི་དོ་དམ་ཞིབ་ཚགས་བྱས་པས་རེད། སྐུ་འབུམ་ཐང་མཚན་ཁྲོམ་གྱིས་བཟའ་བཅའི་བདེ་འཇགས་ལ་ལྟ་བཤེར་ང་། མེ་ཟོན་བདེ་འཇགས་ལ་སྐོར་ཞིབ། དུས་ཐོག་ཏུ་མི་རྒྱུན་བཤངས་པ། དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་ལ་གཙང་སྦྲ་བཅས་བྱས་པ་ལས་གྲོང་མིར་བློ་བདེའི་ངང་འཛད་སྤྱོད་བྱ་རྒྱུ་དང་སྐྱིད་སྣང་དོད་པོས་སྤྲོ་གསེང་བྱ་རྒྱུ་བྱུང་ཡོད།
མཚན་མོའི་དཔལ་འབྱོར་གྱི་མིང་བྱང་གསར་པ་བཏོད་པ།
ཐན་ཧའེ་མཚན་ཁྲོམ་གྱིས་མཚན་ཁྲོམ་གྱི་རྒྱུན་བསྐྱངས་པ་དང་སྐུ་འབུམ་ཐང་མཚན་ཁྲོམ་གྱིས་གསར་གཏོད་འཚོལ་ཞིབ་བྱས་པ་ནི་ས་གནས་དེ་གའི་མཚན་མོའི་དཔལ་འབྱོར་གྱི་སྤུས་ཚད་མཐོ་རུ་དང་ཤོང་ཚད་ཆེ་རུ་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ཐན་ཧའེ་མཚན་ཁྲོམ་རྙིང་པས“བརྟན་པོ”ཡོང་ཐབས་བྱས་ནས་དམངས་འཚོའི་སྒྲོམ་གཞི་བརྟན་དུ་བཏང་ཡོད། ལོ་20ལྷག་ཙམ་གཉེར་སྐྱོང་ཞིབ་ཚགས་བྱས་པ་བརྒྱུད་ཚོང་ར་སྟབས་བདེ་དེ་ཚད་ལྡན་ཅན་གྱི་མཚན་མོའི་ཁྲོམ་གཞུང་ཞིག་ཏུ་གྱུར་ཞིང་། ཐོག་མཐའ་བར་གསུམ་དུ་རིན་གོང་ཁེ་བ་དང་། རང་ཡུལ་གྱི་བྲོ་བ་དང་ལྡན་པ། དམངས་ཕན་ཞབས་ཞུ་ལེགས་པ་བཅས་ཡོང་བར་བྱས་ཏེ། གྲོང་མིའི་རྒྱུན་གཏན་གྱི་མཚན་མོའི་འཛད་སྤྱོད་ལ་དམ་པོར་དམིགས་མཐར་ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་དམངས་འཚོའི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་གྱུར་ཡོད།
གསར་དུ་དར་བའི་སྐུ་འབུམ་ཐང་མཚན་ཁྲོམ་གྱིས་རྣམ་པ་གསར་པ་བཏོད་དེ་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བར་བྱས་ཤིང་། ཞིང་ཟོག་ཁྲོམ་ར་རྙིང་པ་སྒྱུར་བཀོད་རིམ་སྤོར་བྱས་ནས་ཉིན་མོར་ཞིང་ཟོག་འཚོང་བ་དང་མཚན་མོར་སྤྲོ་གསེང་དཔལ་འབྱོར་གཉེར་བའི་གཉེར་སྐྱོང་བྱེད་སྟངས་གསར་གཏོད་ངང་ཁྱབ་གདལ་བཏང་ཡོད། སྲོལ་གསར་དང་དབྱིངས་ཞུགས་རྣམ་པའི་ཉམས་ལེན་དང་དེ་བཞིན་ལས་རྣམ་སྣ་ཚོགས་ལ་བརྟེན་ནས་ན་གཞོན་ཚོགས་སྤྱིའི་ཡིད་དབང་བཀུག་སྟེ་དར་ཆེའི་འཛད་སྤྱོད་དང་། མཚན་མོའི་འཛད་སྤྱོད། ཉམས་ལེན་འཛད་སྤྱོད་བཅས་ཐད་ཀྱི་སྲོལ་རྒྱུན་མཚན་ཁྲོམ་གྱི་སྟོང་ཆ་ནུས་ལྡན་ངང་བསྐངས་ནས་ལྷ་སའི་མཚན་མོའི་དཔལ་འབྱོར་ལ་སྒུལ་ནུས་གསར་པ་བསྣན་ཡོད།
མཚན་ཟས་ཀྱི་རྣམ་པ་རྐྱང་པ་ནས་དམངས་ཕན་དམངས་བདེ་དང་། རིག་གནས་ཉམས་ལེན། དར་ཆེའི་སྤྲོ་གསེང་བཅས་སྣ་མང་མཉམ་འདྲེས་བར། ད་ཆ་ལྷ་སའི་མཚན་མོའི་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།