འབྲས་ཤིང་ལྡུམ་ར་མང་ཚོགས་ཀྱི་ནོར་གཞོང་ལ་གྱུར་པ།
ཉིན་དགུང་དུས་སུ་ཉི་འོད་ལྷག་པར་འཚེར་ཞིང་། འབྲུ་སེའུ་སྔོན་པོ་འཐུ་མཁན་གྱི་མི་ཚོགས་ཁྲོད་དབྱངས་ཅན་དང་རོགས་པ་ཚོས་འབྲུ་སེའུ་སྔོན་པོའི་ལྡུམ་རར་ཆུ་ཚོད་གཅིག་ཙམ་བསྐོར་ནའང་སྔར་བཞིན་སི་ར་སྟོང་རྐྱང་རེད། བུ་མོ་དེ་གསུམ་གྱིས་དེ་རིང་ལྡུམ་རའི་ནང་གི་རྡོག་ཆེ་ཤོས་དང་སྙིང་རྗེ་ཤོས་ཀྱི་འབྲུ་སེའུ་སྔོན་པོ་བཀོག་ནས་འབྲུ་སེའུ་སྔོན་པོ་རྡོག་ཆེ་ཤོས་ཀྱི་འགྲན་བསྡུར་ལ་ཞུགས་རྩིས་ཡོད།
འདི་ནི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གླིང་མདའ་ཤང་སྐམ་པོ་བྱེ་ཐང་གྲོང་ཚོའི་འབྲུ་སེའུ་སྔོན་པོ་འཐོག་པའི་དུས་ཆེན་སྐབས་བདུན་པ་གཉེར་སའི་ས་ཡུལ་དངོས་རེད། སྔ་དྲོའི་ཆུ་ཚོད་11པར་ཡར་ཀླུང་གཙང་པོའི་གཡས་ངོགས་ཀྱི་མུའུ་87ཡོད་པའི་འབྲུ་སེའུ་སྔོན་པོའི་ལྡུམ་རར་ཡུལ་སྐོར་བ་བུང་བའི་ཚོགས་བཞིན་འཁོར་ཡོད། རྐེད་པའི་མཚམས་སུ་སླེབས་པའི་འབྲུ་སེའུ་སྔོན་པོའི་འབྲས་ཤིང་ལ་འབྲས་བུ་མང་པོ་བཏགས་ཡོད། དབྱངས་ཅན་གྱིས་སྡོང་པོའི་ཡལ་གའི་གསེབ་ནས་མདོག་ཁ་དམར་སྨུག་ཏུ་གྱུར་ནས་རེག་མ་ཐག་ཟགས་ལ་ཉེ་བའི་འབྲས་བུ་དག་བཀོག་སྟེ་ཕྱིས་ཙམ་ཡང་མི་བྱེད་པར་ཟ་རྐྱང་བྱེད་ཀྱི་ཡོད། འབྲུ་སེའུ་སྔོན་པོ་རྡོག་བཞི་ལྔ་ཙམ་སྡེབ་གཅིག་ཏུ་བཟས་ནའང་ད་དུང་ཟ་འདོད་ཡོང་གི་ཡོད།
འབྲས་ཤིང་ལྡུམ་རའི་འོག་གི་ཐང་གཤོངས་ཤིག་ནས་ལྷ་མོའི་རྔ་སྒྲ་ཞིག་གྲགས་འོང་། གར་སྟེགས་ཀྱི་ཁ་སྤྲོད་དུ་ཁྲོམ་བཀྱག་བསྒྲིགས་ཡོད་པ་སྟེ། དེའི་ཐོག་འབྲུ་སེའུ་སྔོན་པོ་སོས་པ་དང་། འབྲུ་སེའུ་སྔོན་པོའི་བཏུང་བྱ། འཁྱགས་པ་བྱི་རིལ། འབྲུ་སེའུ་སྔོན་པོའི་ཨ་རག་སོགས་བསྒྲིགས་ཡོད། སྐམ་པོ་བྱེ་ཐང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྐར་མ་ཤེས་རབ་ཁྲོམ་བཀྱག་མདུན་དུ་ལངས་ནས་ཡོད་པ་དང་། ཁོང་གི་ངོ་གདོང་ལས་འཛུམ་མདངས་ཤིག་ངང་གིས་འཕྱུར་བཞིན“ན་ནིང་ཐོན་འབབ་ཏུན་1ལྷག་ཙམ་ཟིན་ནས་རྫོང་གྲོང་དང་གྲོང་ཁྱེར་དུ་བཙོངས་པར་ཁྱོན་སྒོར་ཁྲི་119རག་བྱུང་། ད་ལོ་ཤིང་ཏོག་སོས་པ་ཏུན་2ལས་བརྒལ་རེ་འདུག་པས་ཡོང་འབབ་ན་ནིང་ལས་མང་བ་ཡོང་ངེས་རེད”ཅེས་གདེང་ཚོད་ཆེན་པོས་བརྗོད། དེ་ལས་དགའ་འོས་པ་ཞིག་ནི་མུའུ་87ཡོད་པའི་འབྲུ་སེའུ་སྔོན་པོར་ད་ལོའི་ལོ་འགོར་རྒྱལ་ཁབ་ཀྱི་ལྗང་མདོག་བཟའ་བཅའི་ཁས་ལེན་དཔང་འདོན་རག་ཡོད།
འབྲུ་སེའུ་སྔོན་པོ་ནི་རྒྱ་ཚྭ་རྫོང་གི་ཞིང་ལས་ཐོན་ལས་ཀྱི་ཟུར་ཙམ་ཞིག་ཡིན་ཞིང་། ཡར་ཀླུང་གཙང་པོའི་ངོགས་ཀྱི་རྫོང་གྲོང་ཆུང་ངུ་དེའི“འབྲས་ཤིང་དཔལ་འབྱོར”གྱི་ཀ་རྟེན་ནི་སྔར་བཞིན་སྟར་སྡོང་རེད།
མིག་སྔར་རྒྱ་ཚ་རྫོང་གི་སྟར་ཁའི་འདེབས་ཁྱོན་མུའུ་ཁྲི་4.5དང་སྡོང་རྐང་ཁྲི་52ལྷག་ཙམ་ཟིན་ཞིང་། 2025ལོར་ཐོན་འབབ་ཏུན་1200ཟིན་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་8000ལྷག་ཙམ་ཟིན་པའི་ཁར་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་བརྩིས་ན་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.27ལྷག་ཙམ་ཟིན་ནས་མི་5000ལྷག་ཙམ་ལ་ལས་ཀ་རག་པར་སྐུལ་ཁྲིད་ཐུབ་ཡོད། ས་གནས་དེ་གའི་ཁེ་ལས་ཀྱིས་ཁྲང་ཅང་སློབ་ཆེན་དང་མཉམ་ལས་བྱས་ཏེ། ས་མཐོའི་སྟར་ཁའི་ཐོན་ལས་ཞིབ་འཇུག་ཁང་བཙུགས་ཤིང་། བྱང་བུ་བཀལ་ནས་སྲུང་སྐྱོང་བྱེད་པའི་གནའ་བོའི་སྟར་སྡོང་3657གྱི་ཁྲོད་ནས་གཞི་རྒྱུ་ལེགས་འདེམས་བྱས་ཏེ་སྦྱར་ཁ་བརྒྱབ་པས་གསོན་ཚད་90%ཡན་མཐོ་རུ་ཕྱིན་ཡོད། སྟར་ཁའི་སྣུམ་གྱི་ལོ་རེའི་ཐོན་ནུས་ཏུན་200ཟིན་པ་དང་། ཐོན་རྫས་གསར་པ་སྟར་ཁའི་ཐེ་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས་ད་དུང་ཐོན་རྫས་རིན་ཐང་སྒོར་ཁྲི་3000འཕར་རྒྱུ་རེད། མིག་སྔར་ཁེ་ལས་ཀྱིས་སྟར་ཁའི་ནང་སྙིང་དང་སྟར་ཁ་སྐམ་པོ་ཨེ་ཤེ་ཡ་ལྷོ་མའི་ཁྲོམ་རར་ཕྱིར་གཏོང་བྱེད་རྩིས་ཡོད་པ་རེད།
སྐར་མ་ཤེས་རབ་ཀྱིས་བརྗོད་དོན། ཤིང་འབྲས་འཐུ་བའི་བྱེད་སྒོ་ད་དུང་ཟླ་བ་གཅིག་ལྷག་ཙམ་རྒྱུན་མཐུད་ནས་སྤེལ་རྒྱུ་རེད། རྫོང་གིས་ད་དུང་མེ་འཁོར་འབབ་ཚུགས་ནས་གྲོང་ཚོའི་བར་ལ་རིན་མེད་སྤྱི་སྤྱོད་རླངས་འཁོར་ཤར་གཏོང་བྱས་ཡོད། རི་གྲོང་ཆུང་ཆུང་དེ་ནས་ཤིང་འབྲས་ཀྱི་དྲི་ཞིམ་དེ་བས་ཡངས་པའི་ས་ཕྱོགས་ལ་འཐུལ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།