བཞད་མཐོང་སྨོན་རྫོང་བོན་གྲོང་གྲོང་སྡོད་ལས་དོན་རུ་ཁག་གིས།
མང་ཚོགས་ཀྱི་བསམ་འདུན་ལྟར་དམངས་འཚོའི་བྱ་བ་དངོས་བསྒྲུབས་པ།
གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་བོན་གྲོང་གྲོང་ཚོར་སྐྱོད་སྐབས། གསར་དུ་རྒྱས་སྐྲུན་བྱས་མ་ཐག་པའི་རིག་གནས་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་ཡོད་པ་དང་། རྒྱང་རིང་ནས་རོལ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་ཞིག་རྣ་བའི་བུ་གར་ཐོས་འོང་།
བོན་གྲོང་གྲོང་ཚོར་བཅའ་སྡོད་བོད་ལྗོངས་དངུལ་རྩ་ལྟ་འདོམས་ཅུས་ཀྱི་ལས་དོན་རུ་ཁག་གི་རུ་དཔོན་བཀྲ་ཤིས་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་རྒྱབ་སྐྱོར་འོག་སྨི་ངོས་གྲུ་400ཟིན་པའི་རིག་གནས་ཐང་ཆེན་བསྐྲུན་མོད། འོན་ཀྱང་ཉེ་འཁོར་དུ་རྡོ་ཧྲུག་གིས་ཁེངས་པའི་ས་ཁོངས་སྨི་ངོས་གྲུ་500ཙམ་ལ་ཨར་འདམ་བཏིང་མེད་པས་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་བཟོ་བ་མ་ཟད། ཐང་ཆེན་གྱི་བྱེད་ནུས་ལ་ཡང་ཚོད་འཛིན་ཕོག་པས་ཡུལ་མིས་ཐང་ཆེན་རྒྱས་སྐྲུན་བྱེད་པའི་རེ་འབོད་ཧ་ཅང་ཆེན་པོ་ཡོད།
མང་ཚོགས་ཀྱི་བསམ་འདུན་སྒྲུབ་རྒྱུ་ནི་གྲོང་སྡོད་ལས་དོན་གྱི་ཐོག་མར་སྒྲུབ་དགོས་པའི་བྱ་བ་རེད། གནས་ཚུལ་དེ་ཤེས་རྗེས་གྲོང་སྡོད་ལས་དོན་རུ་ཁག་གིས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ཏེ། དཀའ་སྤྱད་དངོས་སྒྲུབ་ལ་བརྟེན་ནས་དམངས་ལ་ཕན་པའི་བྱ་བ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཐང་ཆེན་རྒྱས་སྐྲུན་གྱི་རེ་ཞུ་དེ་ལོ་འཁོར་གྱི་གཙོ་གནད་རོགས་སྐྱོར་ལས་དོན་ལ་བརྩིས་པ་རེད།
མ་དངུལ་ཁ་ཐང་བའི་སྐབས་རུ་མི་ཚོས་རང་འགུལ་ངང་འབྲེལ་གཏུག་པ་དང་མཐུན་སྦྱོར་པའི་འགན་ཁུར་ནས། མངགས་གཏོང་ཚན་པའི་ཐོན་ཁུངས་ལ་བརྟེན་ཏེ་གཅེས་སེམས་ཁེ་ལས་རེ་རེར་ངོ་བཅར་བྱས་ཏེ་འགྲེལ་བཤད་དང་འབྲེལ་གཏུག་ཡང་ཡང་བྱས་མཐར། རོགས་སྐྱོར་མ་དངུལ་བརྩོན་ལེན་ཐུབ་ཡོད། དེ་རྗེས་ཨར་ལས་རུ་ཁག་འཕྲལ་མར་ལས་ཡུལ་དུ་བསྐྱོད་པ་དང་གཡོས་འཁོར་གྱི་ལྡིར་སྒྲ་རྒྱུན་ཆད་མེད་པར་གྲགས་ཤིང་། ཉིན་ཤས་ལས་མ་སོང་བར་རྡོ་ཧྲུག་དང་འབར་འབུར་ཡིན་པའི་ས་ཁོངས་སུ་ཁོད་སྙོམས་པའི་ཨར་འདམ་བཏིང་བ་རེད།
རིག་གནས་ཐང་ཆེན་གྱི“རིམ་སྤོར་རབས་བརྗེ”ནི་གྲོང་སྡོད་ལས་དོན་རུ་ཁག་དེས་གཞི་རིམ་དུ་གཞི་ཚུགས་པ་དང་དམངས་ལ་བདེ་སྐྱིད་སྐྲུན་པའི་མཚོན་བྱེད་ཙམ་ཞིག་རེད། སློབ་གསོའི་རོགས་སྐྱོར་ཐད། ལས་དོན་རུ་ཁག་གིས་གྲོང་གསེབ་ཀྱི་སློབ་གསོའི་རོགས་སྐྱོར་འཆར་གཞི་བཟོས་པ་དང་གཅེས་སེམས་ཁེ་ལས་ཀྱི་ཐོན་ཁུངས་སྦྲེལ་མཐུད་ཧུར་ཐག་བྱས་ཏེ་གྲོང་གསེབ་ཀྱི་སློབ་མར་རེ་བ་གསར་པ་སྦྱིན་པ་དང་། ཐོན་ལས་དར་རྒྱས་གཏོང་བའི་ཐད། གཟན་ཆག་ལས་སྣོན་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། གཞི་རིམ་བཅོས་སྐྱོང་ཐད། གྲངས་འཛིན་གྱིས་གཞི་རིམ་བཅོས་སྐྱོང་ལ་མཐུན་རྐྱེན་སྦྱར་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་གཞི་རིམ་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། མང་ཚོགས་ལས་དོན་གཉེར་བར་སྟབས་བདེ་སྐྲུན་ཡོད།
ལོ་ཡག་སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བ་དང་གང་སར་ལོ་ལེགས་ཀྱི་རྣམ་པས་ཁེངས། རིག་གནས་ཐང་ཆེན་གྱི་གླུ་སྒྲ་རྒྱང་རིང་ཕྱོགས་སུ་གྲགས། བཀྲ་ཤིས་ཚེ་རིང་གིས“ང་ཚོས་མང་ཚོགས་ཀྱི་བསམ་འདུན་ལྟར་དམངས་འཚོའི་བྱ་བ་དངོས་རེ་རེ་བཞིན་སྒྲུབ་ཀྱི་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།