ལོ་ལེཌ་ཀྱི་རྣམ་པ་གསར་པ་གཏོད། དངོས་སྒྲུབ་ཀྱིས་དར་རྒྱས་ཡོང་བར་སྐུལ།
——རང་ལྗོངས་ཀྱི་སྟོན་བསྡུའི་འཐབ་ས་དང་པོར་ལོ་ལེགས་ཀྱི་འབྱུང་རྩར་ལྟ་བ།

འདི་ནི་ཞིང་ལས་ཚན་རྩལ་ལས་དོན་པས་ཞིང་ནང་དུ་ལོ་ཏོག་གི་སྐྱེ་ཚུལ་ལ་ཞིབ་བཤེར་བྱེད་བཞིན་པ།

འདི་ནི་ལས་ཕྱོད་ཆེ་བའི་བརྔ་བསྡུ་འཕྲུལ་འཁོར་གྱིས་ཞིང་ནང་དུ་བརྔ་བསྡུ་བྱེད་བཞིན་པ།
2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་དགུ་པ་དུས་བཀག་ལྟར་ཤར་བ་དང་བསྟུན་ནས། བོད་ཀྱི་ས་གནས་ཁག་གིས“ལོ་ལེགས་ཀྱི་རྣམ་པ་གསར་པ་གཏོད། དངོས་སྒྲུབ་ཀྱིས་དར་རྒྱས་ཡོང་བར་སྐུལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རྟེན་འབྲེལ་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ཡོད།
ས་བབ་སྨི་3500ལྷག་ཙམ་ཡོད་པའི་ཡར་ཀླུང་གཙང་པོའི་ངོགས་ནས་ས་བབ་སྨི་3800ལྷག་ཙམ་ཡོད་པའི་ལྷུན་རྩེ་ལུང་གཞུང་བར། སྟོན་བསྡུའི་ལས་དོན་གཅིག་རྗེས་གཉིས་མཐུད་ངང་སྤེལ་བཞིན་ཡོད་ཅིང་། གྲ་ནང་རྫོང་གི་ཞིང་ནང་དུ་བརྔ་བསྡུ་འཕྲུལ་འཁོར་གྱིས་བརྔ་བསྡུ་དང་། འབྲུ་རྡོག་བཏོན་ནས་འཕྲུལ་སྒམ་ནང་བླུགས་པ་སོགས་སྡེབ་གཅིག་ཏུ་བྱས་པས་སྟོན་བསྡུའི་ལས་ཕྱོད་ཆེས་ཆེར་སོང་ཡོད།
སྡེ་ཁུལ་ཏང་ཀྲི་པུའི་འགོ་ཁྲིད་དང་ལྷོ་ཁ་གྲོང་ཁྱེར་ཞིང་ལས་ལག་རྩལ་ཁྱབ་གདལ་ལྟེ་གནས་ཀྱི་རིགས་གཅིག་མཁས་ཅན་གྱི་རོགས་རམ་འོག མང་ཚོགས་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་ཁ་འདེབས་ཀྱི་ཡོད། ཚན་རྩལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ས་ཞིང་ནང་བཞའ་ཚན་ཚོར་ཆས་སྦས་པ་དེས་རིག་ལྡན་ལས་སྟེགས་དང་ཐད་ཀར་འབྲེལ་ནས་ཆུ་དང་ལུད་ག་དུས་རྒྱག་དགོས་མིན་ལས་སྟེགས་ནས་རང་འགུལ་ངང་གསལ་པོ་མངོན་གྱི་ཡོད།
ས་ཕྱོགས་ཁག་གི་ཡངས་པའི་ཞིང་ཐང་ལ་ནུབ་རིའི་ཉི་མས་གསེར་གོས་གཡོགས་པ་དང་། ནས་བྱུར་པོར་བླུགས་པའི་འདྲུད་འཐེན་འཁོར་ལོ་གྲོང་ཚོའི་ལམ་བུ་བརྒྱུད་འབྲུ་མཛོད་བཀང་བར་བསྐྱོད། སྟོན་བསྡུ་ནི་འབྲུ་རིགས་བསྡུ་བ་ཙམ་མ་ཡིན་པར་ད་དུང་ཚན་རྩལ་ལ་བརྟེན་ནས་ལོ་ལེགས་གཏོད་པའི་གདེང་ཚོད་དེ་རེད།
འབྲུ་རིགས་ལ་ཐོན་འབབ་བྱུང་ན་དམངས་སེམས་བདེ་བར་གྱུར། ལོ་ལེགས་བྱུང་བ་ནི་ཞིང་ཕན་སྲིད་ཇུས་ཀྱིས་རྒྱུན་མཐུད་ནུས་པ་བཏོན་པས་སོ། 2026ལོར་རང་སྐྱོང་ལྗོངས་ཀྱིས་རྩལ་ནུས་གསོ་སྦྱོང་དང་། ཐོན་ལས་འཕེལ་རྒྱས། འཛད་སྤྱོད་རོགས་སྐྱོར་སོགས་ཁྱབ་ཁོངས་ལ་དམིགས་ནས་འབབ་འཕར་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་ཞིང་འབྲོག་པའི་ཡོང་འབབ་བརྟན་པོ་འཕར་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
ལྷོ་ཁས་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་66བསྐྲུན་པས་མང་ཚོགས་ཁྲི་23ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཚད་གཞི་མཐོ་བའི་ཞིང་ཁ་ནས་རིག་ལྡན་ཞིང་ལས་ལས་སྟེགས་བར། སྲིད་ཇུས་ཀྱི་འདེགས་སྐྱོར་འོག་ས་ཞིང་གི་ཐོན་ནུས་ཆེ་རུ་རྒྱུན་མཐུད་ཕྱིན་པ་དང་འབྲུ་རིགས་ཀྱི་ཐོན་འབབ་དེ་བས་བརྟན་དུ་ཕྱིན་ཡོད།
ཞིང་ལས་འཕྲུལ་ཆས་ནི་རྨང་གཞི་དང་སྲིད་ཇུས་ནི་འགན་སྲུང་རེད། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་འབབ་འཕར་བྱེད་ཐབས་སྤྱད་པས་ཞིང་འབྲོག་པར་ལོ་ལེགས་ཁྲོད་ནས་ཕན་པ་དེ་བས་མང་བ་ཐོབ་ཡོད། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་ནན་པོ་སྲུང་བ་དང་། འདེབས་གསོའི་གྲུབ་ཆ་ལེགས་སུ་རྒྱུན་མཐུད་གཏོང་བ། ཞིང་ལས་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཞིང་འཕྲུལ་ལག་རྩལ་ཁྱབ་གདལ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ཞིང་འཕྲུལ་ལ་བརྟེན་ནས་དེང་རབས་ཞིང་ལས་ལ་མཐུན་རྐྱེན་སྦྱར་བ་དེས་མང་ཚོགས་ཀྱི་འབྲུ་མཛོད་བརྟན་པོ་བསྲུངས་ཐུབ་པ་མ་ཟད། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་སྔར་བས་རྒྱ་ཆེར་ཕྱིན་ཏེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ཡོད།
གང་སར་ལོ་ལེགས་བྱུང་བའི་དགའ་སྤྲོའི་རྣམ་པས་ཁེངས་པ་དེ་ནི་དཀའ་སྤྱད་འབད་འབུངས་ཀྱི་གྲུབ་འབྲས་ཤིག་རེད་ལ། བོད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་བརྟན་པོ་ཕྱིན་པའི་བདེན་དཔང་ངོ་མ་ཞིག་དེ་བས་ཀྱང་རེད།
ལོ་ལེགས་དུས་ཆེན་ནི་ལོ་ལེགས་ལ་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་རེད་ལ་སྤུས་རྟགས་གཏོད་པ་དང་བྲིན་ཚོང་ལ་སྐུལ་འདེད་གཏོང་བའི་གོ་སྐབས་བཟང་པོ་ཞིག་ཀྱང་རེད། དེ་གོང་བོད་ཀྱིས་ལྷ་སའི་ཞོ་སྟོན་དང་ཟུང་འབྲེལ་བྱས་ཏེ“གངས་ལྗོངས་ཀྱི་ཞིང་ཟོག་རྩེ་གྲ སྤུས་རྟགས་ལ་བརྟེན་ནས་ཞིང་ལས་དར”ཞེས་པའི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་གཅིག་སྡུད་འགྲེམས་ཚོང་བྱེད་སྒོ་སྤེལ་བས་ལྗོངས་ཡོངས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་11མཉམ་དུ་འགྲེམས་སྟོན་ཐོག་མར་བྱས་པར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་རྒྱུའི་འགག་རྩ་ནི་སྤུས་ཚད་ལ་ཐུག་པ་དང་གཞི་རྩ་ནི་ཚན་རྩལ་ལ་ཐུག་ཡོད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣ་ཤང་དུ་སྐྱེ་ལྡན་ནས་བཏབ་པས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལྡབ་འཕར་བྱུང་བ་དང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུ་སོན་བཟང་གསོ་སྤེལ་རྟེན་གཞིས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་དུ་ཞིང་འཕྲུལ་ཆུང་གྲས་ཁྱབ་གདལ་བཏང་བས་སྟོན་བསྡུའི་ལས་ཕྱོད་དེ་བས་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད། ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་ནས་སྤུས་རྟགས་ལ་བརྟེན་ཏེ་ཞིང་ལས་སྟོབས་ཆེར་གཏོང་རྒྱུར་འདེགས་སྐྱོར་བརྟན་པོ་བྱས་ཡོད།
ནས་རྡོག་རེ་རེ་བཞིན་ཞིང་ནང་ནས་ལས་སྣོན་འཁོར་ཁང་དང་། འགྲེམས་སྟེགས། རྒྱལ་ཡོངས་ཀྱི་འཛད་སྤྱོད་པའི་གསོལ་ལྕོག་བཅས་སུ་བསྐྱོད་ཐུབ་པ་དེ་ནི་ཚན་རྩལ་གྱི་འདེགས་སྐྱོར་དང་། སྲིད་ཇུས་ཀྱི་རོགས་སྐྱོར། སྤུས་རྟགས་ཀྱིས་མཐུན་རྐྱེན་སྦྱོར་བ་བཅས་ལས་བྱུང་བ་ཞིག་རེད།
འབྲེལ་ཡོད་གསར་འགྱུར།