རང་ལྗོངས་ཀྱིས“བཟོ་བཅོས་འདོར་གསུམ”མཉམ་དུ་བྱས་ནས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།
ཚེས་20ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་ལྔ་པའི་ཐོག ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་གསལ་འགྲེལ་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུའི་ཐོག་གསར་དུ་བཟོས་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་4དང་། བཟོ་བཅོས་བརྒྱབ་པའི་ཁྲིམས་སྲོལ་1 དག་བཅོས་བྱས་པའི་ཁྲིམས་སྲོལ་6 རྩིས་མེད་བཏང་བའི་ཁྲིམས་སྲོལ་1བཅས་ལ་གྲོས་ཞིབ་བྱས་པ་དང་འབྲེལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དེ་དག་མི་རིགས་མཐུན་སྒྲིལ་དང་། ཁྱིམ་ཚང་འཛུགས་སྐྱོང་། དམངས་འཚོ་འགན་ལེན། སྐྱེ་ཁམས་སྲུང་སྐྱོང་། མི་དམངས་འཐུས་ཚོཌ་ཀྱི་རང་ངོས་འཛུགས་སྐྱོང་སོགས་ཁྱབ་ཁོངས་མང་པོར་ཁྱབ་ནས་རང་ལྗོངས་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་རེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་ཅིང་། ད་ཐེངས་ཀྱི་ཁྲིམས་བཟོའི་ཁྲོད་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། གཞི་རིམ་གྱི་ལས་བྱེད་པ། ལས་རིགས་ཀྱི་རིགས་གཅིག་མཁས་ཅན། མང་ཚོགས་བཅས་ཀྱི་འཐུས་མི་ཧུར་ཐག་ཞུགས་ནས་གཞི་རིམ་ཁྲིམས་འཛུགས་ཀྱི་འབྲེལ་གཏུག་ས་ཚིགས་དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་ཀྱི་ནུས་པ་གང་ལེགས་བཏོན་ཡོད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལག་བསྟར་གཏན་འབེབས་ཀྱི་ཁྲིམས་འཛུགས་བརྟག་ཞིབ་ཁྲོད། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིར་བརྟག་ཞིབ་གཏིང་ཟབ་བྱས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་འབོར་ཆེན་བཏོན་པ་མ་ཟད། གྲོང་ཚོ་དང་གྲོང་ལྷན་རྩ་འཛུགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དེ་གྲོང་སྲོལ་དམངས་ཆིངས་ནང་འགོད་པ་སོགས་ཀྱི་ལག་ལེན་བསྟར་སྟངས་ཁྲིམས་སྲོལ་ནང་བཅུག་སྟེ། ས་གནས་ཀྱི་ཁྲིམས་འཛུགས་དེ་བས་མང་ཚོགས་དང་འབྲེལ་འདྲིས་དང་། དེ་བས་དམངས་སེམས་སྒྲིལ་བ། དེ་བས་དྲོ་སྐྱིད་ལྡན་པ་བཅས་ཡོང་བར་བྱས་ཡོད།
དེ་དང་ཆབས་ཅིག་ཁྲིམས་འཛུགས་ཀྱིས་དམངས་འཚོའི་དཀའ་གནད་ལ་ཐད་ཀར་དམིགས་ཤིང་། མང་ཚོགས་ཀྱི་གླེང་མང་བའི་རི་སྐྱེས་སྲོག་ཆགས་ཀྱིས་གནོད་སྐྱོན་བཏང་བའི་ཁ་གསབ་གནད་དོན་ལ་དམིགས་ནས《བོད་རང་སྐྱོང་ལྗོངས་ཀྱི་སྐམ་སྐྱེས་དང་རི་སྐྱེས་སྲོག་ཆགས་ཀྱིས་གནོད་སྐྱོན་བཏང་བའི་ཁ་གསབ་སྐོར་གྱི་གཏན་འབེབས་འགའ་ཞིག》གི་ནང་ཁ་གསབ་ཀྱི་ཁྱབ་ཁོངས་དང་། ཚད་གཞི། སྒྲུབ་གཉེར་ལས་རིམ་བཅས་གསལ་པོ་བཀོད་པ་དང་། སྲིད་གཞུང་གི་ཐད་ཀའི་ཁ་གསབ་དང་འགན་བཅོལ་ཁ་གསབ་ཟུང་དུ་འབྲེལ་བའི་ཐབས་ལམ་གཉིས་ལ་སྐུལ་འདེད་བཏང་སྟེ། ཁ་གསབ་ལས་དོན་གཉེར་ཡུན་དེ་སྔའི་ཟླ་བ་གསུམ་ཙམ་ནས་ཟླ་བ་གཅིག་བར་ཐུང་དུ་བཏང་བ་དང་འབྲེལ་2025ལོར་མཐོ་རུ་བཏང་བའི་ཁ་གསབ་ཚད་གཞིའི་རྨང་གཞིའི་ཐོག་སླར་ཡང་ཚད་གཞི་10%མཐོ་རུ་བཏང་སྟེ་གནོད་སྐྱོན་ཕོག་པའི་མང་ཚོགས་ཀྱི་རེ་ཞུར་གཞི་འཛིན་ས་ཡོད་པ་དང་། ཁ་གསབ་ལ་སྒྲིག་སྲོལ་ཡོད་པ། དོན་འཁྱོལ་ལ་རེ་བ་ཡོད་པ་བྱས་ཡོད།
ད་ཐེངས་བཏོན་པའི་ཁྲིམས་སྲོལ་གྱིས“དོན་ཚན་ཇི་ཙམ་ཡོད་ན་དོན་ཚན་དེ་ཙམ་བཟོ་བ་དང་། དོན་ཚན་ཇི་ཙམ་གོ་ཆོད་ན་དོན་ཚན་དེ་ཙམ་གཏན་འཁེལ་བྱེད་པ”མཐའ་འཁྱོངས་བྱས་ཏེ་དངོས་སྒྲུབ་གོ་ཆོད་ཀྱི་དོན་ཚན་ལ་བརྟེན་ནས་ལྟེ་བའི་ལམ་ལུགས་ཁ་གསལ་བཟོ་བ་དང་། འགག་རྩའི་ལྷུ་ཚིགས་ཚད་ལྡན་དུ་གཏོང་བ། གཙོ་གནད་གནད་དོན་ཐག་གཅོད་བཅས་བྱེད་ཀྱི་ཡོད། ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཁྲིམས་སྲོལ་ཁག་6ལ་གཅིག་སྡུད་ཐོག་དག་བཅོས་བྱས་པ་དང་ཁྲིམས་སྲོལ་ཁག་1རྩིས་མེད་བཏང་ནས་བཟོ་བཅོས་འདོར་གསུམ་གྱི་ཁྲིམས་བཟོའི་བྱེད་ཐབས་སྣ་མང་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། གོང་ཁྲིམས་དང་འབྲེལ་མཐུད་ཡག་པོ་བྱས་ཏེ་ལག་ལེན་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།