དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • རྣམ་གྲངས་ལག་ལེན་བསྟར། ཐོན་ལས་དར་ཞིང་རྒྱས།

    ——ལྷོ་ཁ་གྲོང་ཁྱེར་གྱི་དཔལ་འབྱོར་རིམ་སྤོར་ཁྲོད་ཀྱི་མཚོན་ཚུལ་ཞིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-10-23

    ས་བབ་སྨི་3200ལྷག་ཙམ་ཡོད་པའི་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མངར་རབ་གྲོང་རྡལ་རུ་མི་གྲོང་ཚོའི་ཐོན་ལས་གླིང་དུ། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་རང་འགུལ་ཅན་གྱི་ཐོན་སྐྱེད་སྒྲུབ་རིམ་ནས་འཕྲུལ་འཁོར་གྱི་ལྡིར་སྒྲ་འུར་འུར་དུ་གྲགས། འཁོར་ཁང་ནང་དུ། ས་མཐོའི་སྐྱེ་ཕན་ཤ་མོའི་འཁྱགས་ཕྱེ་ལས་རིམ་ཁ་ཤས་བརྒྱུད་མཐར་ཐུམ་བརྒྱབ་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ལ་བསྐུར་གྱི་ཡོད་པ་རེད།

    ཏུང་ཧྲི་ཀྲང་ལིའུ་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀུང་སིའི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་20%འཕར་བ་དང་། ལོ་ཧྲིལ་པོའི་གཉེར་སྐྱོང་དམིགས་ཚད་སྒོར་ཁྲི་4600མངོན་འགྱུར་ཟིན་གྲབས་ཡོད། 2024ལོའི་ཟླ་8པར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ཁེ་ལས་ཤིག་གི་ངོས་ནས་བརྗོད་ན། འཕེལ་རིམ་འདི་ལྟ་བུ་བྱུང་བ་ནི་ལས་སླ་པོ་ཞིག་མ་ཡིན།

    ཨན་ཆི་ཇོ་མོ་གླང་མ་ནི་ཧུའུ་པེ་དབྱི་ཁྲང་ཨན་ཆི་ཚོགས་པས་མ་དངུལ་སྒོར་དུང་ཕྱུར་1.86བཏང་ནས་བསྐྲུན་ཞིང་དེ་ནི་ཚན་རྩལ་བོད་སྐྱོར་དང་ཐོན་ལས་བོད་སྐྱོར་གྱི་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་ཤ་མོའི་སོན་འདེམས་གསོ་དང་བཟོ་རྩལ་ཞིབ་སྤེལ་ནས་ཤེས་ལྡན་པ་གསོ་སྦྱོང་དང་ཁྲོམ་ར་རྒྱ་སྐྱེད་བར་རིམ་བཞིན་རང་ས་ཅན་དུ་འགྱུར་བཞིན་ཡོད། ཁེ་ལས་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་གོ་ལ་ཧྲིལ་པོའི་ས་མཐོའི་སྐྱེ་ཕན་ཤ་མོ་བཟོ་གྲྭ་ཐོག་མ་དེར་གྱུར་ནས། བོད་ཀྱི་སྐྱེ་དངོས་བཟོས་རྫས་ཐོན་ལས་ཀྱི་སྟོང་ཆ་བསྐངས་ཡོད་པ་རེད།

    བཟོ་གྲྭ་གཅིག་གིས་རྫོང་ཁོངས་གཅིག་གི་ཐོན་ལས་རིམ་སྤོར་བྱེད་ག་ལ་ཐུབ། ཡིན་ན་ཡང་དེ་བཙུགས་པའི་དུས་ཚོད་ལྷོ་ཁའི་དཔལ་འབྱོར་རིམ་སྤོར་བྱེད་པའི་བར་མཚམས་དང་ཏག་ཏག་འཁེལ་ཡོད།

    ལྷོ་ཁ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གསུམ་པའི་ཐོག་ཁྱབ་བསྒྲགས་བྱས་པའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར། 2021ལོ་བསྡུར་གཞིར་བྱས་ཚེ། ལོ་ལྔའི་ནང་ལྷོ་ཁ་གྲོང་ཁྱེར་གྱི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100ཙམ་འཕར་བ་དང་བསྡོམས་འབོར་སྒོར་དུང་ཕྱུར་330ལས་བརྒལ་ནས་ལོ་རེར་ཆ་སྙོམས་6.1%རེ་འཕར་ཡོད་པ་རེད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་ཚད་སྒོར་དུང་ཕྱུར་ཆིག་སྟོང་ལས་བསྒྲལ་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་10ཟུང་གི་འགག་སྒོ་ལས་བརྒལ་ནས་སྒོར་དུང་ཕྱུར་37.03ཟིན་ཡོད། ཚན་རྩལ་ཐད་ཀྱི་གཏོང་ཆ་ལྡབ་འཕར་བྱུང་ནས་མཐོ་གསར་ལག་རྩལ་ཁེ་ལས་15དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་78སྐྱེད་སྲིང་བྱས་པ་དང་རྒྱལ་ཁབ་རིམ་པའི་ཚན་རྩལ་ཁང་ཆུང་གྲས་2ལ་ཆོག་མཆན་ཐོབ་ཡོད་པ་རེད།

    གྲངས་ཀ་འདི་དག་ལས་བོད་སྐྱོར་རྣམ་གྲངས“འཛུགས་སྐྲུན་བྱེད་པ”ཙམ་ནས“འཁོར་རྒྱུག་ཐུབ་པ་དང་། གནས་ཐུབ་པ། མི་སྐུལ་ཁྲིད་ཐུབ་པ”བཅས་ལ་འགྱུར་བ་མཚོན་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། ཨན་ཆི་སྐྱེ་ཕན་ཤ་མོའི་དུས་ཐེངས་དང་པོ་ཐོན་སྐྱེད་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་དུས་ཐེངས་གཉིས་པ་ལས་འགོ་ཚུགས་ཡོད། ལྷོ་ཁའི་སྐྲུན་བཞིན་པ་དང་བསྐྲུན་ཚར་བའི་ནུས་རྒྱུ་གཙང་མ་ཆན་ཝ་ཁྲི་592ཟིན་ནས་ལྡབ་འཕར་བྱུང་ཡོད། ཆིང་དབྱང་ཐོན་ལས་ཀྱི་སྔོན་སྐྱོད་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་ཀྱི་ཡོད། ས་མཐོའི་འཕྲུལ་གློག་སྒྲིག་ཆས་ཀྱི་འཚམ་འཕྲོད་རང་བཞིན་གྱི་ཚོད་ལྟ་ཁང་སྐྲུན་འགོ་ཚུགས་པ། གྲོང་ཁྱེར་གྱི་དཔལ་འབྱོར་གསར་སྤེལ་ཁུལ་དེ་རང་སྐྱོང་ལྗོངས་རིམ་པའི་ཐོན་ལས་གླིང་ལ་རིམ་སྤོར་བྱས་ཡོད། ལྷོ་ཁར་ཐོན་སྐྱེད་ནུས་ཤུགས་གསར་མ་དེ་རྣམ་གྲངས་བརྒྱུད་ཐོན་ལས་འཁོར་འབྲེལ་དང་། གླིང་ཁུལ། ལས་ཞུགས་གྲུབ་ཆ་བཅས་ཀྱི་ནང་ཁྱབ་ཡོད།

    རྒྱ་ཚར། ཁེ་ལས་ལ་མངགས་ཐོ་ཡོད་ན་ཐོན་སྐྱེད་སྒྲུབ་རིམ་གཞི་ནས་འཁོར་སྐྱོད་བྱེད་ཐུབ། ཐོན་སྐྱེད་སྒྲུབ་རིམ་འཁོར་སྐྱོད་ཐུབ་ན་ས་གནས་དེ་གའི་ལས་མིར་གཞི་ནས་ལས་གནས་དང་ཡོང་འབབ་བརྟན་པོ་རག་ཐུབ། ལས་གནས་བརྟན་པོ་བྱུང་ཚེ་ཟོག་འགྲུལ་དང་། ཐུམ་སྒྲིལ། བཟའ་བཏུང་སོགས་ལེ་ལག་ཚང་སྒྲིག་ལ་དགོས་མཁོ་ཡོང་ཐུབ། རྫོང་ཁོངས་ཐོན་ལས་ལ་དངུལ་སྨར་འཁོར་རྒྱུག་ཐུབ་ཚེ་སྲིད་གཞུང་ལ་ཚོང་གཉེར་ཁོར་ཡུག་དང་། སྣེ་འདྲེན་ཁེ་ལས། རྗེས་མཐུད་རྣམ་གྲངས་བཅས་གླེང་བའི་གདེང་ཚོད་གཞི་ནས་ཡོད། བོད་ལྗོངས་ཨན་ཆི་ཇོ་མོ་གླང་མ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བས“ས་མཐོའི་སྐྱེ་ཕན་ཤ་མོ”དེ་རྒྱ་ཚའི་ཐོན་ལས་དར་རྒྱས་དང་མང་ཚོགས་འབབ་འཕར་ཡོང་བའི་མིང་བྱང་གསར་པ་ཞིག་ཏུ་འགྱུར་བཞིན་ཡོད་ཅེས་བཤད་པ་དང་། དེ་ལྟར་བཤད་ཕོད་པའི་གདེང་ཚོད་ནི་ཐོན་ལས་འཁོར་འབྲེལ་དང་ཚོང་ཟོག་མངགས་ཐོ་འདི་དག་ལས་བྱུང་བ་རེད།

    ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་ཀྱི་ལྷོ་ཁ་གྲོང་ཁྱེར་གྱི་འགྱུར་ལྡོག་དེ་དག་ནི་འདི་ལྟ་བུའི་འཁོར་ཁང་མང་པོའི་ནང་བོད་སྐྱོར་མ་དངུལ་དང་ལག་རྩལ་ས་གནས་དེ་གའི་ལས་ཞུགས་དང་སྦྲེལ་མཐུད་བྱས་ནས་རིམ་བཞིན་ཐོན་པ་ཞིག་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།