ཡུན་ནན་གྱིས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
ཞབས་བྲོ་མཉམ་དུ་འཁྲབ། འཚོ་བ་མཉམ་དུ་བསྐྱལ།
ས་སྲོས་ཀྱི་མཚམས་སུ་ཡུན་ནན་ཏེ་ཧུང་ཏའེ་རིགས་ཅིང་ཕོ་རིགས་རང་སྐྱོང་ཀྲོའུ་ལུང་ཁྲོན་རྫོང་མུ་ནའོ་ཙུང་ཀོ་ཐང་ཆེན་དུ་གླུ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་སྟངས་སྟབས་འཁྲུག་པའི་ཞབས་བྲོ་འཁྲབ་བཞིན་མཆིས། ལུང་ཁྲོན་ཉིན་ལྟར་མུ་ནའོ་ཙུང་ཀོ་ཞབས་བྲོ་ཚོགས་པའི་ཚོགས་མི་ཏུང་ཧྥན་ཀྲོང་གིས་ལག་ཏུ་གྲི་རིང་པོ་ཞིག་བཟུང་སྟེ་གླུ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་ཞབས་བྲོ་འཁྲབ་བཞིན་ཡོད། འདི་ལོ་ལོ་53ལ་སླེབས་པའི་ཁོང་གིས་མུ་ནའོ་ཙུང་ཀོ་ཡི་ཞབས་བྲོ་སྦྱངས་ནས་ལོ་གཅིག་ལྷག་ཙམ་སོང་ཡོད།
མུ་ནའོ་ཙུང་ཀོ་ཞེས་པའི་ཅིང་ཕོ་རིགས་ཀྱི་སྐད་ཀྱི་དོན་ནི“མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་བྱེད”ཅེས་པའོ། ཏེ་ཧུང་ཀྲོའུ་ཅིང་ཕོ་མི་རིགས་རིག་གནས་ལས་དོན་ཚོགས་པའི་ཚོགས་གཙོ་ཏུང་ཅན་པིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དུས་ཆེན་འཆར་རིམ་བཞིན་ཅིང་ཕོ་རིགས་དང་། རྒྱ་རིགས། ཏའེ་རིགས། ཨ་ཁྲང་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མང་པོས་གཟབ་མཆོར་སྤྲས་ནས་མཉམ་དུ་ཞབས་བྲོ་འཁྲབ་ཀྱི་ཡོད།
མུ་ནའོ་ཙུང་ཀོ་ནི་དུས་ཆེན་ཁོ་ནར་འཁྲབ་པ་མ་ཡིན་པར། 2019ལོ་ནས་བཟུང་ལུང་ཁྲོན་རྫོང་གིས“ཉིན་ལྟར་མུ་ནའོ་ཙུང་ཀོ”ཡི་བྱེད་སྒོ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཤིང་། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཞུགས་པ་དང་མཛུབ་ཁྲིད་བྱས་པར་བརྟེན། དམངས་ཁྲོད་སྒྱུ་རྩལ་ཞབས་བྲོ་རུ་ཁག་ཀྱང་མཉམ་དུ་འཁྲབ་སྟོན་ལ་ཞུགས་པ་དང་། ཡུལ་སྐོར་བ་དང་མང་ཚོགས་རང་འགུལ་ངང་ཞུགས་ཀྱི་ཡོད།
2026ལོའི་ལོ་འགོར། “མུ་ནའོ་ཙུང་ཀོ”ཡི་གླུ་དབྱངས་དང་འབྲེལ་ཡོད་བརྙན་ཐུང་དྲ་བའི་ཐོག་སྐད་གྲགས་ཆོད་པ་དང་། “ཉིན་ལྟར་མུ་ནའོ་ཙུང་ཀོ”ཡི་བྱེད་སྒོ་སྤེལ་བ་དེ་ཡུལ་སྐོར་བ་དེ་བས་མང་བས་མི་རིགས་ཀྱི་རིག་གནས་ཤེས་རྟོགས་དང་མི་རིགས་མཐུན་སྒྲིལ་མྱོང་རོལ་བྱེད་ས་གསར་པ་ཞིག་ཏུ་གྱུར་ཡོད། 2026ལོའི་རྒྱལ་སྟོན་གུང་གསེང་རིང་། ལུང་ཁྲོན་རྫོང་གིས་རིམ་རྩིས་བརྒྱབ་ན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4.2ལ་སྣེ་ལེན་ཞུས་ཡོད།
“རོལ་དབྱངས་གྲགས་མ་ཐག་རང་དབང་མེད་པར་རྐང་པའི་སྟངས་སྟབས་སྒྱུར” མི་རིགས་མི་འདྲ་བས་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་པ་དེ་ཡུན་ནན་གྱི་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་མཛེས་ལྗོངས་ལྟ་བུར་གྱུར་ཡོད། ཡུན་ནན་གྱི་ཡུལ་དེ་གའི་མི་རིགས་26མི་རབས་ནས་མི་རབས་བར་མཉམ་དུ་འཚོ་གནས་བྱས་པ་ལས་འཚོ་བ་གཅིག་ལ་གཅིག་རྟེན་དང་། རིག་གནས་མཉམ་འདྲེས། ཕན་ཚུན་ལྟ་སྐྱོང་བཅས་ཀྱི་ལོ་རྒྱུས་སྲོལ་རྒྱུན་ཆགས་ཡོད།
“ཇ་རྟའི་གནའ་ལམ་ནི་གནའ་བོའི་ལྷོ་ནུབ་ས་ཁུལ་གྱི་ཇ་རྟའི་ཚོང་འབྲེལ་ལས་བྱུང་བ་དང་ལོ་ངོ་སྟོང་ཕྲག་རིང་མི་རིགས་ཁག་གི་མི་དམངས་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ཡོད”ཅེས་ཡུན་ནན་མི་རིགས་རྟེན་མཛོད་ཁང་གི་འགྲེལ་བཤད་པ་ལིའུ་ཀྲེན་གྱིས་ངོ་སྤྲོད་བྱས།
གནའ་ལམ་རེ་རེར་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་འགྲོ་འོང་དང་ཕན་ཚུན་མཁོ་དགོས་བརྗེ་རེས་བྱས་པའི་ལོ་རྒྱུས་རིང་མོ་འདུས་ཡོད།
ཡུས་ཤིས་གྲོང་ཁྱེར་ཨོ་ཧྲན་དབྱིས་རིགས་རང་སྐྱོང་རྫོང་ཧྲོང་ཅང་ཁྲོམ་གཞུང་ལེན་ཅང་སྡེ་ཁུལ་དུ་སྐྱོད་སྐབས། མི་རིགས་མཐུན་སྒྲིལ་ཐང་ཆེན་ལས་གྲགས་པའི་རྐང་གཡོན་ཞབས་བྲོའི་རོལ་དབྱངས་ཀྱི་འགྱུར་ཁུག་ལ་ཧ་ཉི་རིགས་ཀྱི་ཕོ་གཞོན་ཞིག་གི་ཡིད་དབང་རབ་ཏུ་འཕྲོག་ནས་རང་དབང་མེད་པར་མཉམ་དུ་གླུ་དབྱངས་བླངས། དབྱིས་རིགས་ཕར་ཆིན་ཁང་དུ་འཚེམ་དྲུབ་མས་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་འཚེམ་བུ་རྒྱག་བཞིན་ཡོད་པ་དང་སྐབས་སྐབས་སུ་དགོད་སྒྲ་ལྷང་ལྷང་གྲགས་འོང་།
ལེན་ཅང་སྡེ་ཁུལ་གྱི་ཁོངས་གཏོགས་ཁུལ་ཆུང་58ལ་གྲོང་མི་ཁྲི་1.1ལྷག་ཙམ་ཡོད། དེ་གར་རྒྱ་རིགས་དང་། དབྱིས་རིགས ཧ་ཉི་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ལོ་ཤས་གོང་། གནས་དེ་ནི་ད་དུང་སྡེ་ཁུལ་རྙིང་པ་ཞིག་ཡིན་པ་དང་། འགྲོ་ལམ་ལ་གཏོར་སྐྱོན་ཕོག་ཅིང་། གྱང་མང་པོ་བསྐོར་ཡོད་པས་ས་ཁོངས་མི་འདྲ་བའི་དུད་ཚང་དབར་ཕར་འགྲོ་ཚུར་འོང་བྱེད་མཁན་ཉུང་ཉུང་རེད། 2021ལོར་ཁུལ་ཆུང་རྙིང་པ་སྒྱུར་བཀོད་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ནས་ལེན་ཅང་སྡེ་ཁུལ་བཙུཌ་པ་རེད། སྒྱུར་བཀོད་བྱེད་རིང་། སྡེ་ཁུལ་གྱིས་གྱང་བཤིག་པ་ལས་ས་སྟོང་ཐོན་ནས་རླངས་འཁོར་འཇོག་ས་བཅུ་གྲངས་མང་དུ་ཕྱིན་ཡོད།
“སྒྱུར་བཀོད་བྱེད་པ་ནི་གྱང་བཤིག་པ་དང་ལམ་བཟོ་བ་ཙམ་མ་ཡིན་པར་དེ་བས་མི་སེམས་གཅིག་མཐུན་བྱེད་པ་དེ་ཡིན” ལེན་ཅང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ལྷན་གྱི་ཀྲུའུ་རེན་ལུའོ་ཅ་ཧྥུའུ་ཡིས་ངོ་སྤྲོད་བྱས་དོན། སྡེ་ཁུལ་གྱིས་ཕྱོགས་བསྡུས་བཅོས་སྐྱོང་དང་དྲ་མིག་ཟུང་འབྲེལ་གྱི་མཉམ་འདྲེས་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ་མ་ཟད། ད་དུང་སྒྱུར་བཀོད་བྱས་རྗེས་ཀྱི་སྤྱི་པའི་ས་ཆ་སྟོང་པ་སྤྱད་དེ“མི་རིགས་མཐུན་སྒྲིལ་གྱི་གྲོས་བསྡུར་ལྡིང་ཁང”བསྐྲུན་ནས་ཟླ་རེར“ཁྱིམ་མཚེས་ཀྱི་སྙིང་གཏམ་ཤོད་རེས་ཚོགས་འདུ”འཚོག་གི་ཡོད། རླངས་འཁོར་འཇོག་གནས་ཇི་ལྟར་དབྱེ་བ་དང་གད་སྙིགས་ཇི་ལྟར་དབྱེ་བའི་ཐད་མི་རིགས་ཁག་གི་གྲོང་མི་ཚང་མས་མཉམ་དུ་གྲོས་བསྡུར་བྱེད་ཀྱི་ཡོད།
ལུང་ཁྲོན་རྫོང་ལུང་ཏེ་ཀྲེན་ལུང་ཨན་གྲོང་ཚོ་ནི་ཀྲུང་གོ་དང་འབར་མའི་ས་མཚམས་སུ་གནས་པ་དང་གྲོང་མིའི་ཚོགས་ཆུང་8ཀྱི་ནང་གྲངས་ཉུང་མི་རིགས་དང་རྒྱ་རིགས་ཡུལ་མི་ཁག་སོ་སོར་ཕྱེད་ཀ་ཙམ་ཡོད་པ་རེད། “ང་ཚོའི་གྲོང་ཚོར་ཚང་མས་ཕན་ཚུན་ལྟ་སྐྱོང་དང་འཆམ་མཐུན་མཉམ་གནས་བྱས་ཏེ། མཉམ་དུ་འཚོ་བ་ཡག་པོ་སྐྱེལ་བ་དང་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡོད”ཅེས་ལུང་ཨན་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡའོ་ཡུང་ལིའུ་ཡིས་བཤད།
2016ལོར་ཡའོ་ཡུང་ལིའུ་ཡིས་གྲོང་ཚོའི་ལས་བྱེད་པའི་སྣེ་ཁྲིད་དེ་སྲིན་ཤིང་བཏབ་ནས་དར་སྲིན་གསོ་འགོ་ཚུགས་ཤིང་། “ཁྱིམ་མཚེས་ལུའེ་ལེང་གྲོང་ཚོའི་ཅིང་ཕོ་རིགས་ཀྱི་ཡུལ་མི་ཞིག་དར་སྲིན་གསོ་མཁས་པོ་ཡོད་པ་དང་། ང་ཚོས་ལག་རྩལ་བློ་འདྲི་བྱེད་པར་འགྲོ་སྐབས་ཁོང་གིས་ང་ཚོར་ལག་རྩལ་དམར་ཁྲིད་བྱས་བྱུང”ཞེས་ཡའོ་ཡུང་ལིའུ་ཡིས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།
གྲོང་ཚོའི་རྒྱ་རིགས་ཡུལ་མི་དབྱིན་ཧྲོའུ་ཝུའེ་ལག་རྩལ་ཤེས་རྗེས་དར་སྲིན་གསོ་མཁན་མཁས་པར་གྱུར། ཁོང་གིས་ཉེ་འགྲམ་གྲོང་ཚོའི“ཀྲོང་ཡོན་དུད་ཚང”ལ་སློབ་སྦྱོང་བྱེད་ཞོར་དུ་ཡུལ་མི་དེ་བས་མང་བར་ལག་རྩལ་མཉམ་སྤྱོད་བྱས། མི་རིགས་ཁག་གི་ཡུལ་མི་ཚོས་ཕན་ཚུན་དབར་རང་ཉིད་ཀྱིས་ཤེས་པའི་ཐབས་ཤེས་སློབ་རེས་བྱས་ནས་དར་སྲིན་དང་། ཚ་ལུ་མ། མོག་རོ་ནག་པོ་སོགས་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད། “ད་ཆ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཇེ་ཡག་ཏུ་ཕྱིན་པ་མ་ཟད། ང་ཚོས་ལོ་ལྟར་མ་དངུལ་ཁག་གཅིག་བཏོན་ནས་གྲོང་ཚོའི་སློབ་གྲྭ་ཆེ་མོ་བར་རོགས་རམ་བྱེད་ཀྱི་ཡོད”ཅེས་ཡའོ་ཡུང་ལིའུ་ཡིས་སྤོབས་སེམས་ཆེན་པོས་བཤད།
ཉེ་བའི་ལོ་ཤས་རིང་། ཡུན་ནན་གྱིས《ཡུན་ནན་ཞིང་ཆེན་གྱི“འཆམ་མཐུན་མཉམ་གནས་ཀྱི་ཁྱིམ་ཚང”གི་མཉམ་འདྲེས་རྣམ་པའི་སྡེ་ཁུལ་འཛུགས་སྐྲུན་ལས་དོན་གྱི་མཛུབ་ཁྲིད་རྩ་དོན》བཏོན་ནས་བར་མཐོངས་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་བཅས་མཉམ་འདྲེས་གཏིང་ཟབ་བྱས་པ་དང་། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ཞིང་ཆེན་རིམ་པས་རིམ་རྩིས་བརྒྱབ་ན་མཉམ་འདྲེས་རྣམ་པའི་སྡེ་ཁུལ་501འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཡོད། མཐའ་མཚམས་སྲིད་འཛིན་གྲོང་ཚོ་374རུ་མཐའ་མཚམས་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། 2025ལོར་མཐའ་མཚམས་བདེ་སྐྱིད་གྲོང་ཚོ་374ཡི་གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.4ལྷག་ཙམ་ཟིན་ཡོད།
སྐར་མ་15ཡི་དམངས་ཕན་འཚོ་བའི་འཁོར་རྒྱ་འཛུགས་སྐྲུན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“རྫོང་བཅུ་དང་། ཤང་བརྒྱ། གྲོང་ཚོ་སྟོང་། དུད་ཚང་ཁྲི”བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་འདུ་འགོད་རྒྱུན་མཐུད་ལག་བསྟར་བྱས་ཡོད། ཡུན་ནན་གྱིས་མི་རིགས་ཁག་གི་མང་ཚོགས་མཉམ་སྡོད་མཉམ་སྦྱོང་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྤྲོ་བཅས་ཀྱི་སྤྱི་ཚོགས་ཀྱི་ཆ་རྐྱེན་དེ་བས་ལེགས་པ་གཏོད་བཞིན་ཡོད་པ་རེད།
ཐུན་མོང་གི་ཞབས་བྲོ་ནས་ཐུན་མོང་གི་ཁྱིམ་གཞིས་བར། ད་ཆའི་ཡུན་ལིང་ས་གཞི་ཆེ་མོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་སེམས་ལ་ཟུག་པར་བྱས་ཡོད། ཡུན་ནན་གྱི་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་ཁྲོད་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་བློ་སེམས་གཅིག་མཐུན་ངང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།