གཉེན་སྒྲིག་ཐོ་འགོད་ཀྱི“རྒྱལ་ཡོངས་ཀུན་སྒྲུབ”ལས་སྟེགས་བརྒྱུད་གཉེན་སྒྲིག་ལག་ཁྱེར་ཁྲི་བརྒྱ་ཙམ་གཉེར་བ།
ཧྲན་ཏུང་ཆིང་ཏའོ་ཡི་མཚོ་ནུབ་འགྲམ་ངོགས་གསེར་ཐང་ཉི་མའི་མཚོ་འགྲམ་གྱི་གཉེན་སྒྲིག་ཐོ་འགོད་བྱ་ཡུལ་དུ་བཀོད་སྒྲིག་ཞིབ་ཚགས་བྱས་པའི་མཚོ་འགྲམ་གྱི་པར་རྒྱག་ས་མང་པོར་འཆར་ཡན་རིག་རྩལ་ཇུས་འགོད་བྱས་པ་ལས་མཚོ་འགྲམ་གྱི་མཛེས་ལྗོངས་ལྷག་པར་མཛེས་པ་མཐོང་ཐུབ། ཨན་ཧུའེ་ཧོ་ཧྥེའི་ལྕགས་ལམ་འགྲིམ་འགྲུལ་ལམ་ཐིག་གསུམ་པའི་ས་ཚིགས་སུ་ཡོད་པའི་གཉེན་སྒྲིག་ཐོ་འགོད་བྱ་ཡུལ་དུ་གཉེན་སྒྲིག་ཐོ་འགོད་བྱེད་མཁན་མང་པོ་ཡོད། ཀྲེ་ཅང་ཧང་ཀྲོའུ་ཡི་ཁམ་བུ་མཚོའི་སྤྱི་གླིང་དུ་གནས་པའི་ཧྲང་ཁྲེང་ཆུས་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་ལྟེ་གནས་ཀྱིས་དུས་རབས་ཕྱེད་ཙམ་དཀའ་སྡུག་མཉམ་མྱོང་དང་ཕན་ཚུན་རོགས་རམ་གྱིས་འཚོ་བ་སྐྱེལ་བའི་བཟའ་ཚོ་རྒན་རབས་ཆེད་མངགས་གདན་དྲངས་ནས་ལག་ཁྱེར་བླངས་མ་ཐག་པའི་གཞོན་ནུ་དང་མཉམ་དུ་ཁྱིམ་སྲོལ་སྐོར་གླེང་གི་ཡོད།
ཉེ་བའི་ལོ་གཅིག་ལྷག་ཙམ་རིང་། མག་པ་དང་མནའ་མ་མང་པོས་མི་ཚེའི་དོན་ཆེན་ཡིན་པའི་གཉེན་སྒྲིག་ལག་ཁྱེར་ལེན་སྟངས་ལ་གདམ་ག་སྔར་བས་མང་བ་ཡོད་ཚུལ་ཤེས་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི《གཉེན་སྒྲིག་ཐོ་འགོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ན་ནིང་ཟླ་ལྔ་པར་དངོས་སུ་ལག་ལེན་བསྟར་ཏེ་གཉེན་སྒྲིག་ཐོ་འགོད་ཀྱི“རྒྱལ་ཡོངས་ཀུན་སྒྲུབ”ལས་སྟེགས་ཁྱོན་ཡོངས་ལ་ཁྱབ་གདལ་བཏང་བ་དང་། ས་གནས་ཁག་གི་དམངས་སྲིད་སྡེ་ཚན་གྱིས་གཉེན་སྒྲིག་ཐོ་འགོད་ཞབས་ཞུ་བྱེད་སྟངས་གསར་པ་ཧུར་ཐག་བཏོད་ནས་སྤྱི་གླིང་མཛེས་ལྗོངས་ཁུལ་དང་། གྲོང་ཁྱེར་གྱི་ས་ཁམས་མཚོན་རྟགས། ལོ་རྒྱུས་རིག་གནས་བར་མཐོངས་སོགས་སུ་ཐོ་འགོད་བྱ་ཡུལ་བཙུགས་པའམ་ཡང་ན་ཐོ་འགོད་བྱ་ཡུལ་དུ་འཆར་ཡན་གྱི་བྱང་བུ་བསླངས་པ་མ་ཟད། གཉེན་སྒྲིག་བྱེད་མཁན་ལ་ཟུར་ཁྲིད་ཞབས་ཞུའང་བསྒྲུབས་ནས་གཉེན་སྒྲིག་ཐོ་འགོད་དེ་བས་སྟབས་བདེ་དང་བློ་ལ་འབབ་པར་བྱས་ཡོད།
མིག་སྔའི་བར། རྒྱལ་ཡོངས་སུ་སྤྱི་གླིང་རྣམ་པའི་གཉེན་སྒྲིག་ཐོ་འགོད་ས་ཚིགས་525དང་ཕྱི་རོལ་གྱི་གཉེན་སྒྲིག་ལག་ཁྱེར་སྤྲོད་ས་1330བསྐྲུན་ཡོད། 《སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཅིག་ལྷག་ཙམ་སོང་རིང་། རྒྱལ་ཡོངས་སུ་གཉེན་སྒྲིག་ཐོ་འགོད་ཀྱི“རྒྱལ་ཡོངས་ཀུན་སྒྲུབ”ལས་སྟེགས་བརྒྱུད་ལག་ཁྱེར་ཁྲི་99.2གཉེར་ཡོད། ནང་སའི་གྲོང་མིས་གཉེན་སྒྲིག་ཐོ་འགོད་རེ་ཞུ་བྱེད་སྐབས་ཐེམ་ཐོར་ས་ཁོངས་ཀྱི་ཚོད་འཛིན་མེད་པར་གཏན་འབེབས་ལྟར་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་མིང་རྟགས་བཀོད་པའི་གསལ་བསྒྲགས་ཡི་གེ་འཁྱེར་ན་འགྲིག་པས་ཐེམ་ཐོ་འཁྱེར་དགོས་ཀྱི་མེད། གཞན་ཡང་། ས་གནས་ཁག་གིས་དམངས་སྲིད་དང་། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་སོགས་སྡེ་ཚན་གྱི་ཆ་འཕྲིན་མཉམ་སྤྱོད་ཡོང་བར་སྐུལ་འདེད་བཏང་ནས་གཉེན་སྒྲིག་ཐོ་འགོད་དང་། བུ་བཙའི་ཐོ་འགོད། ཐེམ་ཐོའི་གཉེན་སྒྲིག་གནས་ཚུལ་དང་བརྗེ་སྒྱུར་སོགས་ཀྱི་དོན་གནད་མཉམ་དུ་བསྒྲུབ་རྒྱུ་རེད། མིག་སྔའི་བར། རྒྱལ་ཡོངས་སུ“གཉེན་སྒྲིག་བྱས་ནས་ཁྱིམ་གཞིས་གསར་འཛུགས”དང་མཉམ་དུ་འབྲེལ་ཡོད་བྱ་བ་ཁྲི་65.38གྲུབ་འབྲས་ལྡན་པའི་ངང་བསྒྲུབས་ཡོད།
《སྲོལ་ཡིག》ནང་། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་ཞབས་ཞུ་བསྒྲུབས་ནས་གཉེན་སྒྲིག་ཁྱིམ་ཚང་གི་ཟུར་ཁྲིད་དགེ་རྒན་སོགས་ཆེད་ལས་པ་དང་སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་དག་གིས་གཉེན་སྒྲིག་མ་བྱས་གོང་གི་སློབ་གསོ་དང་གཉེན་སྒྲིག་ཁྱིམ་ཚང་གི་འབྲེལ་བའི་ཟུར་ཁྲིད་སོགས་ཐད་ཀྱི་ནུས་པ་གང་ལེགས་འདོན་དགོས་པ་ཁ་གསལ་བསྟན་ཡོད།
མིག་སྔར་ས་གནས་ཁག་གིས་ལག་ལེན་ཧུར་ཐག་བསྟར་ཏེ་གཉེན་སྒྲིག་ཐོ་འགོད་ཞབས་ཞུའི་སྦྲེལ་མཐུད་གཉེན་སྒྲིག་ལག་ཁྱེར་བླངས་པའི་ཉིན་དེ་ཙམ་མ་ཟད་གཉེན་སྒྲིག་མ་བྱས་གོང་དང་བྱས་རྗེས་བར་སྣུར་སྲིང་བྱས་ཡོད། ས་གནས་ཁག་གཅིག་གིས་ཞབས་ཞུའི་འགག་སྒོ་མདུན་དུ་སྤོས་ནས་མག་པ་དང་མནའ་མ་གཉེན་སྒྲིག་ལག་ཁྱེར་ལེན་པའི་སྔ་རྗེས་སུ་གཉེན་སྒྲིག་མ་བྱས་གོང་གི་ཟུར་ཁྲིད་དང་ཁྱིམ་སྲོལ་རྒྱུན་འཛིན་སོགས་ཀྱི་ནང་དོན་སློབ་སྦྱོང་བྱེད་དགོས་ཀྱི་ཡོད། ས་གནས་ལ་ལར་སྤྱི་ཚོགས་ཀྱི་ལས་དོན་པ་དང་སེམས་ཁམས་བློ་འདྲི་བ་སོགས་ཆེད་ལས་པ་གདན་དྲངས་པ་མ་ཟད། ས་གནས་ལ་ལས་མཉམ་དུ་ལག་ཁྱེར་སྤྲོད་པ་དང་། ཁྱིམ་སྲོལ་སློབ་ཚན་འཁྲིད་པ། གཉེན་སྲོལ་རིག་གནས་ཉམས་ལེན་བྱེད་པ་བཅས་བརྒྱུད་མག་པ་དང་མནའ་མར་གཉེན་སྒྲིག་ཁྲོད་ཀྱི་འགན་འཁྲི་དང་ཁག་ཐེག་ལ་གོ་བ་ལོན་རྒྱུར་ཁྲིད་སྟོན་ཡང་བྱས་ཡོད།
གཉེན་སྒྲིག་ཐོ་འགོད་བྱ་ཡུལ་གྱི་སྐར་ཁུང་དེ་ཙམ་ཆེན་པོ་མེད་ཀྱང་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད། གཉེན་སྒྲིག་ཐོ་འགོད་བྱེད་སྟངས་ལ་ཞིབ་ཕྲའི་འགྱུར་ལྡོག་ཅུང་ཙམ་བྱུང་བ་དག་མང་ཚོགས་ཀྱིས་ཚོར་ཐུབ་པའི་དམངས་འཚོའི་དྲོ་སྐྱིད་ཅིག་ཏུ་འགྱུར་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།