སྡེ་ཚན་ལྔ་ཡིས“ཀྲུང་དབྱང་དང་གཞུང་ཁོངས་ཁེ་ལས་ནང་ཁུལ་གྱི་འོས་སྦྱོར”སོགས་ཀྱི་གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། མི་སྤྱི་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། སློབ་གསོ་པུའུ། སྤྱི་བདེ་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ལྟ་འདོམས་ཨུ་ལྷན་བཅས་ཀྱིས་མཉམ་འབྲེལ་ཐོག“ཀྲུང་དབྱང་དང་གཞུང་ཁོངས་ཁེ་ལས་ནང་ཁུལ་གྱི་འོས་སྦྱོར”སོགས་ཀྱི་གཡོ་ཐབས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱས་ཤིང་། རྒྱ་ཆེའི་ལས་ཀ་འཚོལ་མཁན་དང་ལྷག་པར་དུ་མཐོ་སློབ་སློབ་ཐོན་སློབ་མར་ཉེན་ཁར་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་མགོ་སྐོར་འོག་ཏུ་མི་ཚུད་པར་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།
འབྲེལ་ཡོད་སྡེ་ཚན་གྱིས་དྲན་སྐུལ་བྱས་དོན། ལས་ཀ་འཚོལ་མཁན་གྱིས་མཉམ་སྦྲེལ་དྲ་རྒྱའམ་ཡང་ན་དྲ་ཕྱི་ནས་ལས་ཀ་འཚོལ་སྐབས་ཀྲུང་དབྱང་དང་གཞུང་ཁོངས་ཁེ་ལས་ཀྱི་གཞུང་ཕྱོགས་དྲ་བ་དང་། སྤྱི་པའི་ལས་ཞུགས་ཞབས་ཞུའི་སྒྲིག་གཞི། ཚད་ལྡན་གྱི་ཐབས་ལམ་ལ་བརྟེན་ནས་གཉེར་བའི་སློབ་གྲྭའི་ལས་མི་བསྡུ་བའི་བྱེད་སྒོའམ་ཡང་ན་ཁྲིམས་མཐུན་འོས་ཐོབ་ལྡན་པའི་ཚད་ལྡན་ལས་རིགས་མཚམས་སྦྱོར་བ་སོགས་འདེམས་དགོས། ལས་རིགས་མཚམས་སྦྱོར་བའི་འོས་ཐོབ་ལ་ཆ་མཚོན་ན། ལས་ཀ་འཚོལ་མཁན་གྱིས་རྒྱལ་ཡོངས་ཀྱི་མི་སྤྱིའི་སྲིད་དོན་ཞབས་ཞུའི་ལས་སྟེགས་དང་། གློག་རྡུལ་སྤྱི་ཚོགས་འགན་བཅོལ་གཱ ལག་ཐོགས་ཁ་པར་གྱི་12333Appསོགས་ཀྱི་ཐབས་ལམ་བརྒྱུད། མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིའི་ཆ་འཕྲིན་ལ་ལྟ་ཞིབ་བྱས་ཏེ། ཁ་དན་ཚིག་གནས་དང་གཉེར་སྐྱོང་ཚད་ལྡན་གྱི་ཞབས་ཞུའི་སྒྲིག་གཞིའམ་ཡང་ན་ལས་མི་བསྡུ་བའི་ལས་སྟེགས་སྔོན་ལ་འདེམས་དགོས།
དྲ་རྒྱའི་ལས་སྟེགས་དང་རང་སྨྱན་སྦྱོར་གྱི་སྤྱི་རྟགས་སོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ལ་ཆ་མཚོན་ན། ལས་ཀ་འཚོལ་མཁན་གྱིས་ཨང་རྟགས་ཀྱི་འོས་ཐོབ་ལ་ཞིབ་དཔྱད་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་། གཞུང་ཕྱོགས་དྲ་ཚིགས་དང་བསྡུར་བ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་ཕྱོགས་མང་པོ་ནས་ལས་གནས་ཀྱི་ཆ་འཕྲིན་བདེན་མིན་ལ་ཞིབ་དཔྱད་བྱས་ཏེ། རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་མི་ཕོག་པ་བྱེད་དགོས། ལས་ཀ་འཚོལ་མཁན་གྱིས“ལས་ཞུགས་དྲ་ཐོག”དང་། “རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་ལས་ཞུགས་ཞབས་ཞུའི་ལས་སྟེགས” “གཞུང་ཁོངས་མ་རྩའི་ཀྲུང་དབྱང་ཁེ་ལས་ཀྱི་ལས་མི་བསྡུ་བའི་ལས་སྟེགས”“ཀྲུང་གོ་སྤྱི་པའི་ལས་མི་བསྡུ་བའི་དྲ་བ”སོགས་ལས་བསྡུའི་དྲ་ཚིགས་བརྒྱུད་དབང་གྲགས་ལྡན་པའི་ཀྲུང་དབྱང་དང་གཞུང་ཁོངས་ཁེ་ལས་ཀྱི་ལས་མི་བསྡུ་བའི་ཆ་འཕྲིན་འཚོལ་དགོས།
“གྲོན་དངུལ་སྤྲོད་དགོས་པའི་ནང་ཁུལ་གྱི་འོས་སྦྱོར”དང“དངོས་སྦྱོང་འགན་ལེན་དང་ངོ་སྤྲོད”སོགས་མིང་གི་ཐོག་ནས་གྲོན་དངུལ་འབོར་ཆེན་སྤྲད་དེ་ལས་ཞུགས་བཀོད་སྒྲིག་གམ་ཡང་ན་དངོས་སྦྱོང་བྱེད་དགོས་པའི་རེ་བ་བཏོན་རིགས་ཚང་མ་འཕྲལ་ཐག་ཆོད་པོས་དང་ལེན་བྱེད་མི་རུང་། ཀྲུང་དབྱང་དང་གཞུང་ཁོངས་ཚད་ལྡན་ཁེ་ལས་ཀྱིས་ལས་མི་བསྡུ་བར་ཐོ་འགོད་གྲོན་དངུལ་དང་། འགྲོ་ལུགས་གཉེར་བའི་གྲོན་དངུལ། དཔྱད་གཞིའི་གྲོན་དངུལ། ངོ་སྤྲོད་གྲོན་དངུལ། ཞབས་ཞུའི་གྲོན་དངུལ་སོགས་ཀྱི་གྲོན་དངུལ་བསྡུ་མི་སྲིད།
གཞན་ཡང་། རྩོད་གཞི་ཐོན་སྲིད་པས་ལས་ཀ་འཚོལ་མཁན་གྱིས་འབྲེལ་ཡོད་ཀྱི་གླེང་མོལ་ཟིན་ཐོ་དང་། གྲོས་མཐུན་ཡིག་ཆ་དང་རྩིས་སྒྱུར་དཔང་འཛིན་སོགས་ཉར་ཚགས་བྱེད་དགོས། དཔེར་ན། ཁ་བསླུས་ཐེབས་ཚེ་འཕྲལ་དུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་བ་དང་ཆབས་ཅིག མི་སྤྱི་སྡེ་ཚན་གྱི་ངལ་རྩོལ་ལྟ་ཞིབ་སྒྲིག་གཞིར་ཁྲིམས་འགལ་ངང་མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་བྱ་སྤྱོད་སྤེལ་བ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ལྟེ་གནས་12377ལ་དྲ་རྒྱའི་ལས་མི་བསྡུ་བའི་ཆ་འཕྲིན་རྫུན་མ་ཐེར་འདོན་བྱས་ནས་རང་ངོས་ཀྱི་ཁྲིམས་མཐུན་ལས་ཞུགས་ཁེ་དབང་སྲུང་སྐྱོང་བྱེད་དགོས།
འབྲེལ་ཡོད་གསར་འགྱུར།