དབྱིན་ཡུས་ཀྲེན་སོགས་ཀྲུང་གོའི་བུད་མེད་3མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་“བུད་མེད་དཔའ་བོ་བརྒྱའི”གྲས་སུ་ཚུད་པ།
“ངས་མུ་མཐུད་རང་ཉིད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་རང་བྱུང་ཁམས་ཆེ་མོའི་དྲིན་ལན་འཇལ་གྱི་ཡིན”
ས་གནས་དེ་གའི་དུས་ཚོད་ཟླ་10ཚེས་15ཉིན། དབྱི་ཐ་ལིའི་རོ་མ་གྲོང་ཁྱེར་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་རུ། “མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཞིང་ལས་འབྲུ་རིགས་མ་ལག་དང་གྲོང་གསེབ་འཕེལ་རྒྱས་ཀྱི་བུད་མེད་དཔའ་བོ་བརྒྱའི”བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། དབྱིན་ཡུས་ཀྲེན་དང་། ཡུས་ཅིན་ཤིའུ། ཏུང་མིན་ཧྥང་བཅས་ཀྲུང་གོའི་བུད་མེད་3དེའི་ནང་ཚུད་དེ་འབྲུ་རིགས་བདེ་འཇགས་དང་གྲོང་གསེབ་འཕེལ་རྒྱས་ཁྱབ་ཁོངས་ལ་ཀྲུང་གོའི་བུད་མེད་ཀྱིས་ཕུལ་བའི་ཕུལ་བྱུང་ལེགས་སྐྱེས་མཚོན་ཡོད།
འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཀྲུང་གོའི་བྱེ་བཅོས་པ་དང་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དབྱིན་ཡུས་ཀྲེན་ལ་བྱ་དགའ་མ་སྤྲད་གོང་ཁོང་གིས་ནང་སོག་རང་སྐྱོང་ལྗོངས་མའོ་ཝུའུ་སུའུ་བྱེ་ཐང་དུ་ཡུན་རིང་གཞི་ཚུགས་ནས་བྱེ་བཅོས་ནགས་བཟོ་བྱས་པའི་བརྙན་ཐུང་བསྟན་པ་དང་། དབྱིན་ཡུས་ཀྲེན་གྱི་གཏམ་རྒྱུད་ལས་གར་སྟེགས་འོག་གི་སྐུ་མགྲོན་ཚོ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཚང་མས་ཡར་ལངས་ཏེ་ཐལ་མོ་བརྡབས་ནས་དགའ་འབོད་བྱས། དབྱིན་ཡུས་ཀྲེན་གྱིས། བྱ་དགའ་འདི་རང་ཉིད་ཁོ་ནར་དབང་བ་མ་ཡིན་པར་སའི་གོ་ལར་དགའ་ཞེན་ཆེ་བའི་མི་ཁྲི་སྟོང་མང་པོར་དབང་ཡོད། “ཞིང་པ་ཞིག་ཡིན་པའི་རང་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གར་སྟེགས་ཐོག་བྱ་དགའ་ལེན་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ངས་སྒྲུབ་བཞིན་པའི་བྱེ་བཅོས་ལས་དོན་ནི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་དར་སྤེལ་གཏོང་བཞིན་པའི་འབྲུ་རིགས་བདེ་འཇགས་དམིགས་ཚད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངས་མུ་མཐུད་རང་ཉིད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་རང་བྱུང་ཁམས་ཆེ་མོའི་དྲིན་ལན་འཇལ་གྱི་ཡིན”ཞེས་བཤད།
ཧུའུ་པེ་ཞིང་ཆེན་ཆི་ཁྲུན་རྫོང་ནས་ཡིན་པའི་ཀྲུང་གོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཟོ་བོ་གྲགས་ཅན་ཡུས་ཅིན་ཤིའུ་དུས་ཡུན་རིང་པོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཆི་ཁྲུན་མེ་བཙའི་བཅོས་ཐབས་རྒྱུན་འཛིན་དང་ཁྱབ་གདལ་གཏོང་བར་གཞོལ་ཡོད། ལོ་20ལྷག་ཙམ་རིང་། ཁོང་གིས་རིམ་རྩིས་བརྒྱབ་ན་ཆེད་ལས་ཀྱི་མེ་བཙའ་རྒྱག་མཁན་ཁྲི་3ལྷག་ཙམ་གསོ་སྦྱོང་བྱས་ཏེ་མི་སྟོང་ཕྲག་ཁ་ཤས་ལ་ལས་ཞུགས་ལས་གཏོད་བྱེད་རོགས་བྱས་པ་དང་ཆབས་ཅིག ས་གནས་དེ་གའི་སྤྲ་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་གྲོང་གསེབ་ཀྱི་གྲོང་མི་དང་ལྷག་པར་དུ་བུད་མེད་དང་དབང་པོ་སྐྱོན་ཅན་སོགས་ཚོགས་སྤྱིར་འབབ་འཕར་གྱི་གོ་སྐབས་བསྐྲུན་ཡོད། བྱ་དགའ་སྤྲོད་ཡུལ་དུ། ཡུས་ཅིན་ཤིའུ་ཡིས་ལག་ཏུ་ཆི་ཁྲུན་སྤྲ་བ་བཟུང་ནས་རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོར“ངས་ཐེངས་འདིའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་བྱེད་སྒོ་བརྒྱུད། སྤྲ་བའི་ཐོན་ལས་འཕེལ་རྒྱས་ལས་ཞིང་པ་དེ་བས་མང་བར་འཕེལ་རྒྱས་ཀྱི་གོ་སྐབས་རག་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
ཏུང་མིན་ཧྥང་ནི་ཧུའུ་ནན་ཞིང་ཆེན་གཡོད་དབྱང་རྫོང་ཧྥུང་རུའེ་ཞིང་འཕྲུལ་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་དཔོན་ཡིན་པ་དང་། ཁོང་གིས་ཁེ་ལས་ཀྱི་མཐོ་རིམ་དོ་དམ་ལས་གནས་ནས་དགོངས་པ་ཞུས་ཏེ་ཕ་ཡུལ་དུ་ལོག་ནས་ཞིང་ལས་བྱས་པ་དང་། འབྲུ་རིགས་ཐོན་སྐྱེད་འཕྲུལ་ཆས་ཅན་ལ་སྐུལ་འདེད་བཏང་སྟེ། ཞིང་དུད་ཆུང་གྲས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པ་མ་ཟད། ལས་ཞུགས་ལས་གནས་མཁོ་འདོན་དང་། རྩལ་ནུས་གསོ་སྦྱོང་། ལས་གཏོད་རྒྱབ་སྐྱོར་བཅས་བྱས་པ་བརྒྱུད་གྲོང་གསེབ་ཀྱི་བུད་མེད་ལ་འབབ་འཕར་ཡོང་བར་རམ་འདེགས་བྱས་ཡོད། ཁོང་གིས་གསར་འགོད་པར་ད་ཐེངས་ཀྱི་བྱ་དགའ་དེ་ཐོབ་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་བུད་མེད་དང་ཞིང་ལས་དང་གྲོང་གསེབ་ལས་དོན་ལ་དོ་ཁུར་དང་ཁས་ལེན་བྱེད་པ་ཚོར་བྱུང་། “སླད་ཕྱིན་ངས་མུ་མཐུད་ཞིང་ནང་དུ་གཞི་ཚུགས་ནས་ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་ཚོའི་སྣེ་ཁྲིད་དེ་ཚན་རྩལ་ལ་བརྟེན་ནས་ཞིང་པ་ཕྱུག་པོ་ཆགས་པར་བྱེད་པ་དང། ཀྲུང་གོའི་བུད་མེད་ཀྱི་གྲོང་གསེབ་ཀྱི་གཏམ་རྒྱུད་ཡག་པོ་ཤོད་ཀྱི་ཡིན”ཞེས་བཤད།
ད་ཐེངས་ཀྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་2026ལོའི་འཛམ་གླིང་འབྲུ་རིགས་གླེང་སྟེགས་གཉེར་བ་དང་ཏག་ཏག་འཁེལ་བས། ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་དཔེ་མཚོན་མང་པོ་ཞིག་དེའི་རིང་གཅིག་སྡུད་འགྲེམས་སྟོན་བྱས་ཡོད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གཞོན་ནུ་དང་བུད་མེད་སིའི་རྣམ་གྲངས་ཀྱི་མཐོ་རིམ་དཔོན་རིགས་ལུའུ་པུན·སའེ་ས་ཡིས“འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་དེ་གྲོང་གསེབ་དར་རྒྱས་དང་། རིག་གནས་རྒྱུན་འཛིན། དེ་བཞིན་འབད་འབུངས་བྱེད་མཁན་གྱི་བློ་གྲོས་བཅས་ལ་ཐུག་ཡོད། ཀྲུང་གོའི་ལག་ལེན་ལས་གྲོང་གསེབ་ཀྱི་བུད་མེད་ལ་མཐུན་རྐྱེན་སྦྱོར་བ་དང་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་དང་འབྲེལ་གྲངས་འཛིན་དུས་རབས་ཀྱི་གཞོན་ནུའི་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་ནི་སྲོལ་རྒྱུན་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན་པ་མ་ཟད། སྙུགས་ཤེད་ལྡན་པའི་གོ་ལ་ཧྲིལ་པོའི་འབྲུ་རིགས་མ་ལག་གཏོད་པའི་དགོས་ངེས་ཀྱི་བྱ་ཐབས་ཤིག་ཀྱང་ཡིན་པ་ར་འཕྲོད་བྱུང་ཡོད། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱས་ཏེ་སྲོལ་རྒྱུན་ཤུལ་བཞག་དང་གཞོན་ནུ་མི་རབས་དབར་འབྲེལ་ཟམ་བརྟན་པོ་ཞིག་འཛུགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།
(འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་རོ་མ་ནས་ཟླ་10ཚེས་16ཉིན་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།