ཕྱི་འབྲེལ་པུས་བརྗོད་དོན།
རི་པིན་ཕྱོགས་ཀྱི་རྒྱལ་བདེ་མཆོད་ཁང་དང་འབྲེལ་བའི་བྱེད་སྤྱོད་ངན་པར་རྒོལ་གཏམ་དྲག་པོ་གཏོང་གི་ཡིན།
ཟླ་10ཚེས་17དང་ཚེས་19ཉིན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཀའོ་ཧྲི་ཙའོ་མེའོ་ཡིས་རྒྱལ་བདེ་མཆོད་ཁང་ལ་མཚུན་རྫས་དང་མཆོད་འབུལ་གྱི་གྲོན་དངུལ་སྤྲད་ཡོད། ཉེ་ཆར་ད་དུང་རི་པིན་སྲིད་གཞུང་གི་དཔོན་རིགས་དང་། རང་དབང་དམངས་གཙོ་ཏང་གི་སྲིད་ཕྱོགས་མི་སྣ་གལ་ཆེན། རྒྱལ་ཚོགས་ཀྱི་དབྱི་ཡོན་བཅས་མང་པོ་ཞིག་གིས་རྒྱལ་བདེ་མཆོད་ཁང་ལ་མཆོད་འབུལ་ཞུས་ཡོད། དེའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་ཚེས་19ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་དྲི་བར་ལན་འདེབས་སྐབས། ཀྲུང་གོ་ཕྱོགས་ཀྱིས་རི་པིན་ཕྱོགས་ཀྱི་འབྲེལ་ཡོད་བྱེད་སྤྱོད་ངན་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་རྒོལ་གཏམ་དྲག་པོ་གཏོང་རྒྱུ་མ་ཟད། རི་པིན་ཕྱོགས་དང་དྲང་ནན་གྱི་སྐད་ཆ་བྱ་རྒྱུ་དང་དེར་ངོ་རྒོལ་དྲག་པོ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
མའོ་ཉིང་གིས་བརྗོད་དོན། རྒྱལ་བདེ་མཆོད་ཁང་ནི་རི་པིན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་བསམ་པའི་ལག་ཆ་དང་མཚོན་རྟགས་ཡིན་ཞིང་། དེར་བཙན་འཛུལ་དམག་འཁྲུག་གི་ནག་ཉེས་ཧ་ཅང་ལྕི་བའི་ཀ་པ་རིམ་པའི་དམག་འཁྲུག་གི་ཉེས་ཅན་པ་14སྒྲིག་གཤོམ་བྱས་ཡོད། རི་པིན་གྱི་འགོ་ཁྲིད་དང་སྲིད་ཚོང་པས་དེ་གསལ་པོ་ཤེས་ཀྱི་ཡོད་ནའང་སྔར་བཞིན་གུས་མཇལ་ཚད་མེད་ཞུ་ཡི་ཡོད་པ་དེ་ལས་ཁོང་ཚོའི་ལོ་རྒྱུས་གནད་དོན་ཐད་ཀྱི་རྩ་ཟབ་སྡོང་བརྟན་གྱི་ནོར་འཁྲུལ་གྱི་ངེས་ཤེས་དང་། དེ་བཞིན་དམག་འཁྲུག་གི་ཉེས་ཅན་པའི་ཉེས་འགན་སེལ་ཐབས་བྱེད་པ་དང་། བཙན་འཛུལ་གྱི་དོན་དངོས་གྱོད་ལོག་རྒྱག་པ། “ཡང་བསྐྱར་དམག་དོན་ཅན”གྱི་ཆེད་དུ་ལམ་བུ་འདིང་བའི་མ་རུངས་ཁོག་བཅངས་ཀྱི་བསམ་ངན་དམར་རྗེན་དུ་མངོན་ཡོད།
“ད་ལོ་ནི་ཐོ་ཁེའོ་འདྲི་གཅོད་ཁྲིམས་ར་འཚོགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད། ང་ཚོས་ཡང་བསྐྱར་རི་པིན་ཕྱོགས་ལ་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། ཉེས་འགན་ལ་རང་སྐྱོན་རང་བརྟག་བྱས་ནས་ལོ་རྒྱུས་གནད་དོན་ཐད་ཀྱི་བྱ་ལོག་སྤྱོད་ལོག་མཚམས་བཞག་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཨེ་ཤེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡིད་ཆེས་ཐོབ་ཐབས་བྱེད་དགོས་པའི་བླང་བྱ་ནན་པོ་འདོན་གྱི་ཡིན”ཞེས་མའོ་ཉིང་གིས་བརྗོད།
འབྲེལ་ཡོད་གསར་འགྱུར།