《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད》བཀྲམ་ནས་ལག་བསྟར་བྱས་པ།
ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱིས་དངོས་སུ་བཀྲམ་པའི《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅོ་ལྔ་པའི”གསར་སྤེལ་ཁུལ་འཕེལ་རྒྱས་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)ནི་གསར་སྤེལ་ཁུལ་འཕེལ་རྒྱས་ལ་དམིགས་པའི་རང་སྐྱོང་ལྗོངས་རིམ་པའི་ཆེད་དོན་འཆར་འགོད་ཅིག་ཡིན་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གསར་སྤེལ་ཁུལ་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཕྱོགས་སྡོམ་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཏེ། དམིགས་ཚད་གཙོ་བོ་ཁག་5དང་། གཙོ་གནད་ལས་འགན་ཁག་5 འགན་སྲུང་བྱ་ཐབས་ཁག་4བཅས་བཏོན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཏང་ཙུའི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ལི་ཨའེ་མེན་གྱིས་ངོ་སྤྲོད་བྱས་དོན། 《འཆར་འགོད》ནང་འབྱུང་འགྱུར་ལོ་5ཡི་རིང་རང་ལྗོངས་ཀྱི་གསར་སྤེལ་ཁུལ་ལས་དོན་གྱི་ལས་འགན་ཡི་གེ་ཁ་གསལ་བཟོས་པ་དང་། ཁྱོན་ས་བཅད་8ཡོད་པ་དེ་དག་ཕྱོགས་4ལ་དབྱེ་ཆོག་པ་སྟེ། 《འཆར་འགོད》ཀྱི་ས་བཅད་དང་པོ་ནི་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ཞིང་། རང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་གསར་སྤེལ་ཁུལ་འཕེལ་རྒྱས་ཀྱི་གྲུབ་འབྲས་དང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་གསར་སྤེལ་ཁུལ་འཕེལ་རྒྱས་ཀྱི་ཁོར་ཡུག་རགས་ཙམ་བཀོད་ཡོད། ས་བཅད་གཉིས་པ་ནི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ཡིན་ཞིང་། དེའི་ནང་མཛུབ་ཁྲིད་དགོངས་པ་དང་གཞི་རྩའི་བླང་བྱ་ཁ་གསལ་བཟོས་ནས་ཐོན་ཁུངས་བཀོད་སྒྲིག་གི་ལས་སྟེགས་ཡག་ཤོས་དང་། ཐོན་ལས་གཅིག་འདུས་ཀྱི་གཞི་རྟེན་གཙོ་བོ། ཚོང་གཉེར་ཁོར་ཡུག་ལེགས་གཏོང་གི་དཔེ་སྟོན་སྐར་ཁུང་། ཚན་རྩལ་གྲུབ་འབྲས་གཞན་འགྱུར་གྱི་ནུས་ཆེའི་ལྟེ་གནས་བཅས་སྐྲུན་པའི་ངེས་གནས་ཆེན་པོ་4ལ་དམིགས་ཏེ། 2030ལོར་སླེབས་སྐབས་གསར་སྤེལ་ཁུལ་གྱི་ནུས་རིམ་མཐོ་རུ་འགྲོ་བ་དང་། རིགས་སྣ་དེ་བས་ཕུན་སུམ་ཚོགས་སུ་འགྲོ་བ། ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་དང་གསར་གཏོད་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་མངོན་གསལ་དོད་པོས་འགྲོ་བ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ། ཆུ་ཚད་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་རགས་ཙམ་སྐྲུན་པ། གསར་སྤེལ་ཁུལ་གྱི་སྒྲིག་སྲོལ་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་འགྲོ་བ་སོགས་ཀྱི་དམིགས་ཚད་ཆེན་པོ་5མངོན་འགྱུར་བྱེད་དགོས་པ་བཏོན་ཡོད། ས་བཅད་གསུམ་པ་ནས་བདུན་པའི་བར་ནི་གཙོ་གནད་ལས་འགན་ཡིན་ཞིང་། དེའི་ནང་བར་མཐོངས་བཀོད་སྒྲིག་དང་། ཐོན་ལས་སྐྱེད་སྲིང་། ཕྱི་ཕྱོགས་སྒོ་དབྱེ། གཙོ་རྒྱུ་འགན་སྲུང་། ལྗང་མདོག་འཕེལ་རྒྱས་བཅས་གཙོ་གནད་དུ་བཟུང་སྟེ། གསར་སྤེལ་ཁུལ་གྱི་བར་མཐོངས་བཀོད་སྒྲིག་དང་བྱེད་ནུས་ངེས་གནས་ལེགས་སུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ། གསར་སྤེལ་ཁུལ་གྱི་རིམ་པ་མང་ལ་ཆུ་ཚད་མཐོ་བའི་སྒོ་དབྱེ་མཉམ་ལས་ལ་སྐུལ་འདེད་གཏོང་བ། གསར་སྤེལ་ཁུལ་གྱི་ཕྱི་ངོས་མཐུན་རྐྱེན་དང་ནང་ངོས་མཐུན་རྐྱེན་འཐུས་སྒོ་ཚང་དུ་གཏོང་བ། གསར་སྤེལ་ཁུལ་གྱི་ལྗང་མདོག་ཕྱོགས་སྒྱུར་དང་བདེ་འཇགས་ཀྱི་སྙུགས་ཤེད་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་ཚུད་པའི་ལས་འགན་ཁག་5བཀོད་སྒྲིག་བྱས་ཡོད། ས་བཅད་བརྒྱད་པ་ནི་འགན་སྲུང་བྱ་ཐབས་ཡིན་ཞིང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་སྤེལ་ཁུལ་གྱི་གདེང་འཇོག་དཔྱད་ཞིབ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དུས་འཁོར་ཧྲིལ་པོའི་ལག་བསྟར་དོ་དམ་ལམ་སྲོལ་འཛུགས་པ་དང་ཇུས་འགོད་བཅས་བྱེད་དགོས་པ་བཏོན་ཡོད་པ་རེད།
2025ལོའི་ལོ་མཇུག་བར། རང་ལྗོངས་སུ་རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་གསར་སྤེལ་ཁུལ་12ཡོད་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་4དང་། རང་སྐྱོང་ལྗོངས་རིམ་པའི་གསར་སྤེལ་ཁུལ་8ཡོད། 2025ལོར། རང་སྐྱོང་ལྗོངས་རིམ་པ་དང་དེ་ཡན་གྱི་གསར་སྤེལ་ཁུལ་གྱི“རིགས་བཞིའི”ཁེ་ལས་ཀྱིས་དཔྱ་ཁྲལ་སྒོར་དུང་ཕྱུར་11.4འཇལ་བ་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་135.8བཏང་ནས། ལྗོངས་ཡོངས་ཀྱི་མ་འཇོག་བརྟན་པོ་དང་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།