བསྙེན་བཀུར་ཞབས་ཏོག་ཁྱིམ་སྲོལ་བཟང་། དངོས་སྒྲུབ་བྱ་བས་ཡུལ་མི་སྐྱིད།
རང་སྐྱོང་ལྗོངས་ཀྱི“ཁྱིམ་ཚང་ཡག་ཤོས”ནོར་བུ་གཡུ་སྒྲོན་ཁྱིམ་གྱི་སྐོར་བཀོད་པ།
ནོར་བུ་གཡུ་སྒྲོན་གྱི་ཁྱིམ་དུ་སླེབས་སྐབས་དྲོ་སོབ་སོབ་ཀྱི་ཚོར་སྣང་ཞིག་སྦྱིན། སྒེའུ་ཁུང་འགྲམ་དུ་དཀར་དམར་ཁྲ་གསུམ་གྱི་མེ་ཏོག་རབ་ཏུ་བཞད་པ་དང་ཆ་སྒམ་སྟེང་བསྒྲིགས་པའི་ལག་བཟོས་ཉི་མ་མེ་ཏོག་དང་རྒྱ་སེ་མེ་ཏོག་ཕན་ཚུན་གཅིག་ལ་གཅིག་བརྒྱན་དུ་གྱུར་པ་དང་། གྱང་འགྲམ་གྱི་བོད་བཟོའི་སྒྲོག་ཙེའི་སྟེང་ནང་མིར་ཐོབ་པའི་གཟེངས་རྟགས་ཁག་གྲལ་འགྲིག་པོས་བཞག་ཡོད།
“ཁྱིམ་ཚང་ཡག་ཤོས”ཀྱི་དྲོ་སྐྱིད་ཁང་པ་དེ་རང་ནང་ནས་སྡེ་ཁུལ་བར་ཚོར་ཐུབ།
ནོར་བུ་གཡུ་སྒྲོན་ནི་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་གསེར་ཁང་སྡེ་ཁུལ་གྱི་གྲོང་ཚོའི་སྨན་པ་ཞིག་ཡིན་པ་དང་ཁོང་གི་བཟའ་ཟླ་ནི་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱི་ཁ་ལོ་བ་ཞིག་ཡིན་ཞིང་། ཁྱིམ་ནང་ཕྲུ་གུ་བཞི་ཡོད་པ་ཚང་མ་སློབ་གྲྭ་འགྲིམ་བཞིན་ཡོད།
ཞོགས་པ་ནོར་བུ་གཡུ་སྒྲོན་གྱིས་ཇ་བསྲུབས་མ་བཟོས་རྗེས་སྒོ་རའི་ནང་གཙང་སྦྲ་བྱེད་པ་དང་། བཟའ་ཟླ་སྐལ་བཟང་གིས་མེ་གཏོང་བ་དང་ཆུ་སྐོལ་གྱི་ཡོད། ཁྱིམ་ནང་གི་རྒན་རྒོན་ངོ་གདོང་འཁྲུས་རྗེས་ཞོགས་ཟས་སྐྱེལ་བ་དང་། སྒྱུག་མོས་ལྟོ་ཆས་བཟས་རྗེས་ཁོང་གིས་སྒྱུག་མོའི་པུས་མོ་འཕུར་བ་དང་རྐང་ཚིགས་ཚ་པོ་བཟོ་བ་སོགས་བྱེད་ཅིང་། “ད་ཆ་གནམ་གཤིས་འགྱུར་བ་ཆེ་བས་རྟག་ཏུ་ཨ་མའི་རུས་ཚིགས་ལ་ན་ཟུག་གཏོང་གི་ཡོད་སྟབས་དེ་ལྟར་བྱས་ཚེ་ཅུང་ཟད་བདེ་རུ་འགྲོ་སྲིད”ཅེས་བཤད།
གཉེན་སྒྲིག་བྱས་ཏེ་ལོ་20ལྷག་ཙམ་སོང་རིང་ནོར་བུ་གཡུ་སྒྲོན་དང་བཟའ་ཟླ་སྐལ་བཟང་དབར་བརྩེ་བ་ཟབ་པ་དང་རྒན་རྒོན་གྱི་འཚོ་བར་ལྟ་རྟོག་ཡག་པོ་བྱ་རྒྱུ་དེ་ཁྱིམ་གྱི་དོན་དག་གལ་ཆེ་ཤོས་སུ་བརྩི་གི་ཡོད།
“ང་ལོ་ན་མཐོ་བས་གཟུགས་པོ་ཡག་པོ་མེད་ལ་འགུལ་སྐྱོད་ཀྱང་སྟབས་བདེ་པོ་མི་འདུག སྟབས་ལེགས་པར་སེམས་རྒྱུད་བཟང་བའི་གཡུ་སྒྲོན་གྱིས་ཁྱིམ་དུ་གཙང་སྦྲ་བྱེད་རྒྱུར་དགའ་བ་དང་གྱོན་གོས་གཙང་མ་གཡོགས་སྟབས་ང་གནས་བཟོད་ཧ་ཅང་བདེ་པོ་འདུག”ཅེས་སྒྱུག་མོས་མནའ་མ་ནོར་བུ་གཡུ་སྒྲོན་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།
ནོར་བུ་གཡུ་སྒྲོན་གྱིས་ཆ་སྒམ་སྒོ་ཕྱེ་ནས་བྱ་དགའི་གཟེངས་རྟགས་མཐུག་པོ་ཞིག་བཏོན་པ་དེ་ནི་ཕྲུ་གུ་བཞི་པོ་སློབ་གྲྭར་ཕྱིན་པ་ནས་བཟུང་ཐོབ་པའི་བྱ་དགའ་ཡིན་ཞིང་། ནོར་བུ་གཡུ་སྒྲོན་གྱིས“ཕྲུ་གུ་ཚང་མ་ཧ་གོ་དོན་རྟོགས་ཆོད་པོ་ཡོད་ལ་སློབ་སྦྱོང་ལའང་འབད་བརྩོན་ཆེན་པོ་ཡོད་སྟབས་ང་ཚོས་སེམས་ཁྲལ་དེ་ཙམ་བྱེད་དགོས་ཀྱི་མེད། བུ་རྒན་པ་བསྟན་འཛིན་ཆོས་དབྱིངས་ལོ་20ལ་སླེབས་པ་དང་སློབ་ཆེན་འགྲིམ་བཞིན་ཡོད། གཟའ་མཇུག་ཏུ་ཁྱིམ་དུ་ཡོད་པའི་ཕྲུ་གུ་ཚོས་ངེད་ཚོར་ནང་ལས་བྱེད་རོགས་བྱེད་པ་མ་ཟད་ད་དུང་ང་དང་མཉམ་དུ་སྡེ་ཁུལ་དུ་ཡོང་ནས་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་ཏེ་ཁྱིམ་མཚེས་སུ་ཞིག་ལ་དཀའ་ངལ་འཕྲད་རུང་ཚང་མར་རོགས་རམ་བྱེད་ཀྱི་ཡོད”ཅེས་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་བཤད།
ཁྱིམ་ཆུང་ཡག་པོ་སྐྱོང་བ་མ་ཟད་ཁྱིམ་ཆེན་དེ་བས་དྲོ་སྐྱིད་ལྡན་པར་བྱེད་ཀྱི་ཡོད།
སྡེ་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཁོངས་མི་ཡིན་པའི་ནོར་བུ་གཡུ་སྒྲོན་གྱིས་འབྲོག་ཁུལ་བུད་མེད་ཀྱི་འབབ་འཕར་ཕྱུག་འགྱུར་ལས་དོན་དེ་སེམས་ནང་བཞག་ཅིང་། སྔོན་ཆད་གསེར་ཁང་སྡེ་ཁུལ་གྱི་བུད་མེད་ཕལ་ཆེ་བ་རྩལ་ནུས་མེད་ལ་ཡོང་འབབ་ཀྱང་ཉུང་ཉུང་རེད།
བུད་མེད་ཚོ་ཁྱིམ་དུ་དལ་བ་དང་ཡོང་འབབ་མེད་པར་སྡོད་པའི་རྣམ་པར་འགྱུར་ལྡོག་གཏོང་ཆེད། ཁོང་གིས་རང་ཁྱིམ་གྱི་ཚོམས་ཆེན་རྒྱུ་ཆ་བཞག་ས་དང་ལས་ཀ་བྱེད་སར་བྱས་ནས་བོད་བཟོའི་ལག་ཤེས་བསླས་ཐག་རོགས་རེས་ཚོགས་ཆུང་བཙུགས་ཏེ་བྱང་ཆུབ་པའི་བསླས་ཐག་ལག་རྩལ་སྡེ་ཁུལ་གྱི་བུད་མེད་ཚོར་བསླབས།
ཚོམས་ཆེན་གྱི་ཟུར་དུ་ཆེད་མངགས་ཅོག་ཙེ་ཞིག་བཞག་པ་དེའི་སྟེང་སྤུན་དོག་སྣ་ཚོཌ་བསྒྲིགས་ཡོད་པ་དང་གྱང་ངོས་སུ་འུར་རྡོ་དང་བོད་བཟོའི་མཛེས་ཆས་བཀལ་ཡོད། ས་སྲོས་མཚམས་སུ་བུད་མེད་ཚོ་དེ་གར་འཛོམས་ནས་དགོད་སྒྲ་ལྷང་ལྷང་ཁྲོད་ལས་ཀ་བྱེད་ཀྱི་ཡོད།
“ཐོག་མར་ངའི་ལག་པ་གོག་པོ་ཡོད་རྐྱེན་དཀའ་ངལ་མང་པོ་འཕྲད་པའི་དབང་གིས་སྐབས་ཤིག་རིང་ལས་ཀ་དེ་ནས་དོན་དགོས་སྙམ་བྱུང”ཞེས་སྡེ་ཁུལ་གྱི་བུད་མེད་བསོད་ནམས་སྒྲོལ་མས་སྔར་སོང་ལ་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད། ཁོང་གི་བསམ་བློར་འགྱུར་བ་གཏོང་ཆེད་ནོར་བུ་གཡུ་སྒྲོན་གྱིས་ཉིན་མོ་སྡེ་ཁུལ་དུ་གཅིག་སྡུད་ལག་རྩལ་བསླབས་པ་མ་ཟད། དགོང་མོ་ཚོམས་ཆེན་དུ་ཁབ་སྐུད་རེ་རེ་བཞིན་གཅིག་གཏད་གཅིག་གིས་ཡང་ཡང་བསླབས་མཐར། ཟླ་ཤས་སོང་རྗེས་བསོད་ནམས་སྒྲོལ་མས་རྩལ་ནུས་དེ་བྱང་ཆུབ་པར་གྱུར་ནས་འབྲོག་ཁུལ་གྱི་རྒྱུན་སྤྱོད་བསླས་ཐག་ཐོན་རྫས་བཟོ་སྟངས་རང་རྐྱ་འཕེར་ནས་ཁྱིམ་སྡོད་སྐབས་བསྟུན་ལས་ཞུགས་ཐུབ་པ་རེད།
ད་ཆ། སྡེ་ཁུལ་དུ་འབབ་འཕར་བརྟན་པོ་ཡོད་པའི་རྩལ་ནུས་ཤེས་མཁན་བུད་མེད་10ལྷག་ཙམ་ཡོད་པ་དེ་དག་གིས་ཁྱིམ་དུ་བསྡད་ནས་ཡོང་འབབ་གསོག་ཐུབ་ཡོད།
ནོར་བུ་གཡུ་སྒྲོན་གྱིས་བསྙེན་བཀུར་ཞབས་ཏོག་གི་ཁྱིམ་སྲོལ་བཟང་པོ་དང་། དངོས་སྒྲུབ་ལ་བརྟེན་ནས་འབབ་འཕར་ལ་སྐུལ་ཁྲིད། ངང་རྒྱུད་རིང་པོས་འགལ་ཟླ་བསལ་བ། བྱམས་བརྩེ་ཆེན་པོས་ཁྱིམ་མཚེས་སྐྱོང་བ་བཅས་ཁོང་གི་བབ་ཆགས་པའི་བྱ་སྤྱོད་ལས་རང་ཁྱིམ་དྲོ་སོབ་སོབ་བྱུང་བ་མ་ཟད། ཉེ་འགྲམ་གྱི་མིར་ཡང་དྲོ་སྐྱིད་སྦྱིན་ཡོད།
འབྲེལ་ཡོད་གསར་འགྱུར།