“ང་ཡང་རྒྱལ་ཡོངས་ཀྱི་འགྲན་རར་ཞུགས་འདོད”
རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལུས་སྦྱོང་གཟའ་འཁོར་སྐབས་བཅུ་དྲུག་པའི་བོད་ཀྱི་བདག་རེས་བྱེད་སྒོའི་ཟུར་བྲིས།
ཟླ་10པའི་ཚེས་15ཉིན་གྱི་སྔ་དྲོར། ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གི་ལན་ཆིའུ་སྤོ་ལོ་རྩེ་ཁང་དུ་འཁྲུག་ཆ་ཧ་ཅང་དོད། རྒྱལ་ཡོངས་དབང་པོ་སྐྱོན་ཅན་གྱི་ལུས་སྦྱོང་གཟའ་འཁོར་སྐབས་བཅུ་དྲུག་པའི་བོད་ཀྱི་བདག་རེས་བྱེད་སྒོ་དེ་གར་སྤེལ་འགོ་ཚུགས་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7ནས་ཡོང་བའི་དབང་པོ་སྐྱོན་ཅན་ལུས་རྩལ་པ་དང་། ཤན་འབྱེད་པ། དབང་པོ་སྐྱོན་ཅན་ལ་རོགས་རམ་བྱེད་མཁན་དང་བླངས་པ་བཅས་ཁྱོན་250ལྷག་ཙམ་མཉམ་དུ་འཛོམས་ཤིང་། ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་། ཀུའེ་ཀྲོའུ། ཉིང་ཞ་བཅས་ཀྱི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལྟ་སྦྱོང་ཚོགས་པའང་འགྲན་རར་སྤེལ་རེས་བྱེད་པར་ཡོང་སྟེ། ས་མཐོའི་དབང་པོ་སྐྱོན་ཅན་ཚོ་འགྲན་རར་བསྐྱོད་དེ་ལུས་རྩལ་གྱི་དགའ་བ་ལོངས་སུ་སྤྱོད་པའི་དཔང་པོ་བྱས་པ་རེད།
“ཉིང་ཁྲིར་ཡོང་ནས་བྱེད་སྒོར་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང” ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་ཀརྨ་དབྱངས་ཅན་གྱིས་དགའ་ཚོར་ཆེན་པོས་གསར་འགོད་པར“ས་ཡུལ་དངོས་ལ་གཅེན་པོ་གཅེན་མོ་མང་པོས་འགྲན་བསྡུར་བྱེད་བཞིན་པ་མཐོང་བྱུང་། ང་ད་དུང་ཐེ་གེའི་འཁྱགས་ལྟིར་ཡང་རྩེས་པ་ཡིན་པས་སྤྲོ་སྣང་ཆེན་པོ་འཕེལ་བྱུང་། གོམ་སྟབས་རྗེས་མར་ང་སྐམ་སའི་འཁྱགས་ལྟིར་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན། ལྷ་ས་གྲོང་ཁྱེར་གྱི་འཐུས་མི་ཚོགས་པར་གྲུབ་འབྲས་ཡག་པོ་ཐོབ་རྒྱུར་ང་ཡིད་ཆེས་ཡོད”ཅེས་བཤད།
ཁོང་གིས་བཤད་པའི“ཐེ་གེའི་འཁྱགས་ལྟིར”ནི་ཐེངས་འདིའི་ལུས་སྦྱོང་གཟའ་འཁོར་བྱེད་སྒོའི་བཀྲག་མདངས་འཚེར་ས་ཆེན་པོ་ཞིག་རེད། ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོ་སློབ་གྲྭའི་ལུས་རྩལ་དགེ་རྒན་ཐུབ་བསྟན་སྐལ་བཟང་གིས“ཐེ་གེའི་འཁྱགས་ལྟིར་རྣམ་གྲངས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཐེ་གེའི་རོལ་རྩེད་དང་དེང་རབས་འཁྱགས་ལྟིར་ལུས་རྩལ་གཉིས་ཟུང་འབྲེལ་བྱས་ཡོད་པས། སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་ཐུབ་པ་མ་ཟད། ད་དུང་དབང་པོ་སྐྱོན་ཅན་ཚོའི་ལག་པ་དང་མིག་མཐུན་སྦྱོར་ཡོང་བར་སྦྱོང་བརྡར་ཡང་བྱེད་ཐུབ་པས་ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”ཅེས་གསར་འགོད་པར་ངོ་སྤྲོད་བྱས།
འགོ་ཚུགས་མཛད་སྒོའི་ཐོག ལུས་རྩལ་པའི་འཐུས་མི་དོན་གྲུབ་ཚེ་རིང་གིས་རང་ཉིད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས། “དེ་སྔ་གཟུགས་པོ་ཐང་པོ་མེད་པས་ཕྱིར་དོན་འདོད་དེ་ཙམ་མེད། ལུས་རྩལ་སྦྱོང་བརྡར་བྱས་ནས་གཟུགས་པོ་ཡག་ཏུ་ཕྱིན་རྗེས། བློ་བག་ཡངས་པོ་དང་ཡིད་ཆེས་ལྡན་པར་གྱུར་སོང་། ལུས་སྦྱོང་ནི་གཟུགས་པོ་སྦྱོང་བརྡར་བྱེད་པ་ཙམ་མ་ཡིན། ངས་ལུས་སྦྱོང་བྱེད་ཀྱིན་རང་ཉིད་ཀྱི་རིན་ཐང་ཤེས་བྱུང་། གཟུགས་པོའི་སྐྱོན་གྱིས་མི་ཚེའི་རིན་ཐང་ཆུང་དུ་གཏོང་མི་ཐུབ། རང་ཉིད་ལ་འཚམ་པའི་ལུས་སྦྱོང་བྱེད་སྟངས་ཤིག་རྙེད་ཚེ་སྤོབས་པ་ཆེན་པོས་ཁྱིམ་ནས་ཐོན་ཏེ་སྔར་བས་ཕུན་སུམ་ཚོགས་པའི་འཚོ་བར་རོལ་ཐུབ”ཅེས་བབ་ཆགས་པའི་སྐད་ཆ་བཤད་པར་ཚང་མའི་དགའ་བསུ་ཐོབ།
སྐད་ཆ་དེ་རྐུབ་སྟེགས་འཁོར་ལོ་ཅན་ལ་བསྡད་པའི་བསྟན་འཛིན་བསམ་གཏན་གྱི་སེམས་ལ་ཟུག་པོ་བྱུང་། རྐང་པ་གཉིས་ཞ་བའི་རྐྱེན་གྱིས་བསྟན་འཛིན་བསམ་གཏན་ནམ་རྒྱུན་ཕྱིར་སྐྱོད་སྐབས་རྐུབ་སྟེགས་འཁོར་ལོ་ཅན་དང་ཁ་འབྲལ་ཐབས་མེད། ད་རེས་ཁོང་གིས་བི་ཤུ་རྣམ་གྲངས་ལ་མིང་ཐོ་བཀོད་ཡོད་པ་རེད། “ང་ནམ་རྒྱུན་རྐུབ་སྟེགས་འཁོར་ལོ་ཅན་ལ་བརྟེན་ནས་འགྲོ་སྐྱོད་བྱེད་ཀྱི་ཡོད་པས། ལུས་སྦྱོང་བརྒྱུད་ལག་པའི་སྟོབས་ཤུགས་སྦྱོང་བརྡར་བྱེད་འདོད་བྱུང” “ངས་མུ་མཐུད་སྦྱོང་བརྡར་བྱ་རྒྱུ་ཡིན། ནམ་ཞིག་རྒྱལ་ཡོངས་ཀྱི་འགྲན་རར་ཞུགས་ཐུབ་པའི་རེ་བ་རྒྱག་གི་ཡོད”ཅེས་བཤད།
“དབང་པོ་སྐྱོན་ཅན་གྱི་ལུས་སྦྱོང་གཟའ་འཁོར་ནི་སོ་སོའི་ཉམས་འགྱུར་ངོམས་པ་དང་། སྤེལ་རེས་བྱས་ནས་ཕན་ཚུན་སློབ་སྦྱོང་བྱེད་པའི་ལས་སྟེགས་ཤིག་རེད། ཚང་མ་འགྲན་རར་ཞུགས་པ་མཐོང་སྐབས་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་གསོན་ཤུགས་དངོས་འབྲེལ་ཚོར་བྱུང” བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་དང་ལས་འཛིན་ཀྲང་གཞོན་པ་ཆི་ལེང་གིས། ཐེངས་འདིའི་ལུས་སྦྱོང་གཟའ་འཁོར་གྱི་རྣམ་གྲངས་ནང་རྩལ་འགྲན་རྣམ་གྲངས་ཡོད་པ་མ་ཟད། མང་ཚོགས་རང་བཞིན་དང་མི་རིགས་རང་བཞིན་གྱི་ལུས་རྩལ་རྣམ་གྲངས་ཀྱང་ཡོད། དབང་པོ་སྐྱོན་ཅན་དེ་བས་མང་པོ་ཁྱིམ་ནས་ཐོན་ཏེ་ལུས་རྩལ་སྦྱོང་བརྡར་ནང་ཞུགས་རྒྱུའི་རེ་བ་ཡོད་ཅེས་བཤད།
འབྲེལ་ཡོད་གསར་འགྱུར།