དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “མཉམ་འདྲེས་འཕེལ་རྒྱས་དང་དངོས་སྒྲུབ་ཕན་སྐྱེད་ཀྱི‘ཁུག་ཁུལ་གྱི་རྒྱུགས་ལན’ཞིག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཁྲེན་ཧྲང་ཝུན། ཀྲུའུ་ཅུན། ཝང་ཡུན་ནཱ།   |     སྤེལ་དུས།  2026-10-21

    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས(APEC)ཀྱི་དཔལ་འབྱོར་སྡེ་གཞིའི་སྨྱན་སྦྱོར་གྱི་གསར་འགོད་པ་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་བསྐྱོད་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྱུར་ལྡོག་ཆེན་པོ་ཉམས་ལེན་བྱས་ཤིང་། གསར་འགོད་པ་ཚོས། ཁུག་ཆེན་ཁུལ་གྱི་འཕེལ་རྒྱས་ལག་ལེན་ལས་APECདཔལ་འབྱོར་སྡེ་གཞིས་མཉམ་དུ་གྲངས་འཛིན་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཕྱོགས་སྒྱུར་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུར་གསོན་ཉམས་དོད་པའི་དཔེ་མཚོན་མཁོ་འདོན་བྱས་པ་མ་ཟད། ཕྱོགས་ཁག་གིས་འཚོག་ཉེར་ཡོད་པའི་APECའགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གསུམ་པར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

    ཁ་ན་ཏའི་ཉིན་རེའི་གསར་འགྱུར་གྱི་དབུ་བཞུགས་ལག་བསྟར་དཔོན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་མ་ཏིང་གིས་བརྗོད་དོན།

    “ཧྲེན་ཀྲེན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་གར་སྟེགས་ཡག་པོ་བསྐྲུན་ཡོད”

    “དུས་ཐུང་ལོ་ངོ་40ལྷག་ཙམ་གྱི་རིང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་གི་ཉ་གྲོང་དེ་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ལ་འགྱུར་ལྡོག་གཏོང་བའི་སྒུལ་ཤུགས་སུ་གྱུར་ཡོད”དེ་ནི“‘ལས་ཕྱོད་དང་། སྤུས་ལེགས། མཉམ་ལས’བཅས་ལས་བྱུང་བའི་གསོན་ཉམས་དོད་པའི་དཔང་པོ་ཡིན”ཞེས་ཁ་ན་ཏའི་ཉིན་རེའི་གསར་འགྱུར་གྱི་དབུ་བཞུགས་ལག་བསྟར་དཔོན་དང་སྤྱི་ཁྱབ་རྩོམ་སྒྲིག་པ་གཅིག་ལྕོགས་ཏུའོ་ནུའོ་ཝན·མ་ཏིང་གིས་མི་རིང་བའི་གོང་སྤེལ་བའི་རྩོམ་ཡིག་ནང་མྱོང་ཚོར་ཟབ་མོས་དེ་ལྟར་བརྗོད་ཡོད།

    ད་ཐེངས་མ་ཏིང་ཀྲུང་གོར་ཡོང་ཐེངས་ལྔ་པ་རེད། ཧྲེན་ཀྲེན་གྱི་པི་ཡ་ཏི་སྤྱི་ཁྱབ་པུའི་འགྲེམས་ཁང་དུ་གསར་གཏོད་ལག་རྩལ་རབ་དང་རིམ་པ་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་ལས་མ་ཏིང་ལ་མིག་གི་སྟོན་མོ་ཞིག་བཤམས། “ནུས་གསར་རླངས་འཁོར་བཟོ་སྐྲུན་དང་གློག་རྫས་ལག་རྩལ་སོགས་ཁྱབ་ཁོངས་སུ་ཀྲུང་གོར་གྲུབ་འབྲས་ཁྱད་དུ་འཕགས་པ་ཐོབ་ཡོད། རྩད་ཞིབ་ཟབ་མོ་བྱས་པ་བརྒྱུད་ང་ལ་ཀྲུང་གོའི་སྔོན་ཐོན་བཟོ་སྐྲུན་ཐད་ངོས་འཛིན་དེ་བས་ཟབ་མོ་བྱུང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གསར་གཏོད་འཕེལ་རྒྱས་དང་ལྗང་མདོག་ཕྱོགས་སྒྱུར་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོའང་མཐོང་བྱུང”ཞེས་མ་ཏིང་གིས་བརྗོད།

    མ་ཏིང་གིས་ཐོག་མཐའ་བར་གསུམ་དུ་APEC“ཀྲུང་གོའི་ལོ”ལ་དོ་ཁུར་ཟབ་མོ་བྱས་པ་མ་ཟད། “སྒོ་དབྱེ་དང་། གསར་གཏོད། མཉམ་ལས”བཅས་ཁྱབ་ཁོངས་ཆེན་པོ་གསུམ་གྱི་དོན་སྙིང་གལ་ཆེན་ལ་གསལ་འགྲེལ་ཡང་བྱས་ཡོད། ཁོང་གིས། “སྒོ་དབྱེ”ནི་ལྐོག་གྱུར་གྱི་དཔལ་འབྱོར་གྱི་རིགས་པའི་གཞུང་ལུགས་མིན་པར་གོ་ལ་ཧྲིལ་པོའི་ཁེ་ལས་ཀྱིས་ས་གནས་དེ་གར་གཉེར་སྐྱོང་བདེ་བླག་བྱུང་བ་ལས་དེར་བདེན་དཔང་གསལ་པོ་བྱེད་ཐུབ། “གསར་གཏོད”ནི་ཡུལ་ལུང་འདི་གར་བྱུང་བ་དང་ད་ལྟའི་ཆར་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། “མཉམ་ལས”དེ་རྒྱལ་ཁབ་ཁག་དང་ལས་རིགས་ཁག་གི་མི་སྣ་མཉམ་དུ་འཛོམས་ནས་ཇུས་ཆེན་མཉམ་གླེང་དང་འཕེལ་རྒྱས་མཉམ་གཉེར་ཐོག་ནས་མཚོན་ཞིང་། “ཧྲེན་ཀྲེན་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་ལ་གར་སྟེགས་ཡག་པོ་མཁོ་འདོན་བྱས་ཡོད”ཅེས་བརྗོད།

    ཝེ་ཐེ་ནམ་གྱི《མདུན་སྐྱོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྥེ་མིང་ལུང་གིས་བརྗོད་དོན།

    “ཁུག་ཆེན་ཁུལ་དུ་སྲོལ་རྒྱུན་དང་དེང་རབས་ཚོར་ཐུབ”

    ཀོང་ཀྲོའུ་དང་ཧྥོ་ཧྲན་དུ་བསྐྱོད་སྐབས། ཝེ་ཐེ་ནམ་གྱི《མདུན་སྐྱོད་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཧྥེ་མིང་ལུང་ལ་བྱུང་བའི་བག་ཆགས་ཟབ་ཤོས་ནི་དམངས་ཚོགས་ཁྲི་སྟོང་མང་པོས་འབད་བརྩོན་ཧུར་ཐག་བྱེད་པའི་བསམ་པའི་སྟོབས་ཤུགས་དེ་རེད།

    ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་160ཟིན་པའི་ཀོང་ཀྲོའུ་ས་འོག་ལྕགས་ལམ་གྱི་ལམ་ཐིག་18པར་བསྡད་དེ་རིག་ལྡན་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལས་བྱུང་བའི་སྟབས་བདེ་དང་གསོན་ཤུགས་ཉམས་སུ་མྱོང་བ་དང་། ཀོང་ཀྲོའུ་གྲུ་ཁའི་ནན་ཧྲ་གྲུ་ཁའི་དུས་ཐེངས་བཞི་པར་བསྐྱོད་དེ་རང་འགུལ་ཅན་གྱི་གྲུ་ཁའི་ནུས་ཆེ་འཁོར་རྒྱུག་ལ་ལྟ་བ། འཕུར་མཉེད་བྱེད་ནུས་ལྡན་པའི་མིའི་ལུས་པོར་འཕྲོད་པའི་རྐུབ་སྟེགས་ཇི་ལྟར་བཟོས་པར་ཤེས་རྟོགས་སོགས་བྱས་ཤིང་། ཧྥེ་མིང་ལུང་གིས“གསར་གཏོད་དང་འབད་འཐབ་བྱས་ནས་ཀྲུང་གོའི་དེང་དུས་ཀྱི་འཕེལ་རྒྱས་མྱུར་བའི་རྣམ་པ་བཏོད་ཡོད”ཅེས་བརྗོད།

    ཧྥེ་མིང་ལུང་ཡིས། ཚན་རྩལ་གསར་འཕེལ་དང་རིག་རྒྱུན་དར་རྒྱས་ནི་ཀོང་ཏུང་གི་ཡིད་དབང་འཕྲོག་ཤུགས་ཡིན། ཀོང་ཀྲོའུ་སྒྱུ་རྩལ་རྟེན་མཛོད་ཁང་དུ་ཁོང་གིས“གྲོང་ཁྱེར་གྱི་ལོ་ངོ་སྟོང་གི་རིག་རྒྱུན་ཏེ། ཀོང་ཀྲོའུ་གྲོང་ཁྱེར་བཙུགས་ནས་ལོ་2240འཁོར་བ་དང་མིང་ཐོགས་ནས་ལོ་1800འཁོར་བའི་ཆེད་དོན་འགྲེམས་སྟོན”ལ་ལྟ་སྐོར་བྱས་ཤིང་། ལོ་རྒྱུས་རིག་དངོས་དང་འགྲེམས་སྟོན་གྱི་ནང་དོན་རེ་རེ་བརྒྱུད་ཀོང་ཀྲོའུ་ཡི་ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་མོ་ཚོར་ཐུབ་པ་བྱུང་ཡོད།

    ཧྥེ་མིང་ལུང་གིས“ངས་གསོན་ཤུགས་རབ་ཏུ་འཕེལ་བའི་ཀྲུང་གོར་ཉམས་ལེན་ཐུབ་པ་དང་། ཝེ་ཐེ་ནམ་གྱི་ཀློག་པ་པོར་གསོན་ཉམས་དོད་པའི་གཏམ་རྒྱུད་མང་པོའང་གསོག་འཇོག་བྱས་ཡོད”ཅེས་བརྗོད་ཅིང་། ལྟ་སྐོར་བྱེད་རིང་ཁོང་གིས་གྲོང་ཁྱེར་གྱི་རྣམ་པ་ཟིན་ཐོར་བཀོད་པ་དང་དེ་བཞིན་དཔལ་འབྱོར་དར་རྒྱས་མགྱོགས་ལ་ཚན་རྩལ་གོང་འཕེལ་བྱུང་བའི་རྒྱབ་ཀྱི་དཔལ་འབྱོར་ཁོར་ཡུག་ལ་དབྱེ་ཞིབ་བྱས་པ་མ་ཟད། སྲང་ལམ་གྱི་འཚོ་བ་ཉམས་སུ་མྱོང་རྒྱུ་ཡང་བརྗེད་མེད། ཁོང་གིས་གནས་ཚུལ་དེ་དག་སྤེལ་གཏོང་བྱས་ནས་ཝེ་ཐེ་ནམ་གྱི་ཀློག་པ་པོར་མི་ཆོས་རིག་གནས་ཀྱི་མཐོང་སྣེ་སྔར་བས་ཕུན་སུམ་ཚོགས་པོར་བརྟེན་ནས་ཀྲུང་གོ་ཤེས་རྟོགས་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། “མི་ཆོས་རིག་གནས་ཐད་ཀྱི་ཕན་ཚུན་ཤེས་རྟོགས་ནི་རྒྱལ་ཁབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་རྨང་གཞི་ཡིན། སྨྱན་སྦྱོར་གྱིས་མི་དཀྱུས་མའི་གཏམ་རྒྱུད་ངོ་མ་མང་ཙམ་བརྗོད་ནས་ས་ཁོངས་མཉམ་ལས་ལས་བྱུང་བའི་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་མཚོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    མོ་ཞི་ཁོའི་MPVསྨྱན་སྦྱོར་ཀུང་སིའི་སྤྱི་ཁྱབ་ལྟ་ཞིབ་པ་ལུའུ་ས་ལིན་གྱིས་བརྗོད་དོན།

    “ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་འཛམ་གླིང་གིས་དཔྱད་གཞིར་འཛིན་རིན་ཡོད”

    “ལོ་མང་གོང་པེ་ཅིང་དུ་རྩད་ཞིབ་བྱས་པ་ནས་ད་ཐེངས་ཀོང་ཏུང་དུ་བསྐྱོད་པའི་བར་ཀྲུང་གོར་འགྲུལ་བཞུད་ཐེངས་གཉིས་བྱས་པ་ལས། རྒྱལ་ཁབ་འདིས་ངའི་ཡིད་དབང་འཕྲོགས་སོང”ཞེས་མོ་ཞི་ཁོའི་MPVསྨྱན་སྦྱོར་ཀུང་སིའི་སྤྱི་ཁྱབ་ལྟ་ཞིབ་པ་ཏེ་ཀེ·ལུའུ་ས་ལིན་གྱིས་བརྗོད་ཅིང་། ཁོང་གིས། ཀྲུང་གོའི་ལོ་རྒྱུས་ཀྱི་ནང་དོན་གཏིང་ཟབ་པ་དང་ཤེས་དཔལ་སྣ་མང་བསྟུན་མཁས་ཡིན་ལ། ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་འབྲེལ་མཐུད་མཐའ་འཁྱོངས་བྱས་པས་ཡངས་ཤིང་རྒྱ་ཆེ་བའི་ཡུལ་ལུང་གང་སར་འཕེལ་རྒྱས་ཀྱི་གསོན་ཤུགས་རབ་ཏུ་འཕེལ་བཞིན་ཡོད་ཅེས་ཀྱང་བརྗོད་པ་རེད།

    “ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་འཛམ་གླིང་གིས་དཔྱད་གཞིར་འཛིན་རིན་ཡོད” ལུའུ་ས་ལིན་གྱིས། ད་ཐེངས་ཀྲུའུ་ཧའེ་དང་ཀྲུང་ཧྲན་དུ་སྐྱོད་ནས་མཐོང་ཐོས་བྱུང་བ་དག་ལས་ང་ལ་ཀྲུང་གོའི་འཕེལ་རྒྱས་ཀྱི་ངོ་མཚར་ཤེས་སུ་བཅུག་བྱུང་། “ཇི་ལྟར་བྱས་ནས་དམངས་ཚོགས་རྣམས་དེ་བས་ལེགས་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བར་བྱེད་པའི་ཐད་ཀྲུང་གོ་སྲིད་གཞུང་ལ་རེ་འདོད་གསལ་པོ་ཡོད་པ་དང་འཆར་འགོད་ཀྱི་སྟོབས་ཤུགས་གང་ལེགས་བཏོན་ཏེ་སྤྱི་ཚོགས་ཀྱི་དོན་དངོས་དང་བསྟུན་ནས་སྲིད་ཇུས་བཟོ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད”ཅེས་བརྗོད་པ་དང་ཁོང་གི་ངོས་ནས་བརྗོད་ན། APEC“ཀྲུང་གོའི་ལོ”དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དུ་སྐྱོད་སྐབས་དེ་གར་འཛམ་གླིང་ལ་བརྗོད་རྒྱུའི་གཏམ་རྒྱུད་དེ་བས་མང་བ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།