“རྒྱ་ཆེའི་མི་དམངས་མང་ཚོགས་ནི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན”
“དམིགས་ཚད་མཐོ་པོ་དང་རྒྱང་རིང་པོ་དགོས་ལ་ངང་རྒྱུད་དང་ངེས་ཤུགས་དེ་བས་ཀྱང་ཡོད་དགོས། དམར་དམག་རྒྱང་སྐྱོད་དང་འདྲ་བར་ང་ཚོས་ད་ཆ་རྒྱང་སྐྱོད་གསར་པ་བྱེད་བཞིན་ཡོད”ཅེས་ཟླ་10ཚེས་16ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནང་སོག་ཝུའུ་ལན་ཁྲ་པུ་རུ་རྟོག་ཞིབ་གནང་སྐབས་ནན་བཤད་འདི་ལྟར་གནང་བ་རེད།
ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་དུ“རླབས་ཆེན་གྱི་རྒྱང་སྐྱོད། ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ལ་ལྟ་སྐོར་བྱེད་པའི་ཚ་རླབས་འཕྱུར་ཞིང་། བྱེད་སྒོ་སྤེལ་ཚུན་ལྟད་མོ་བས་འགྲེམས་སྟོན་གྱི་མཉམ་འགུལ་དྲན་འཆར་ཟིན་དེབ་ཏུ་བྲིས་མང་ཤོས་ནི“དམར་དམག”དང“མི་དམངས”རེད།
བགྲང་བྱ་90ཡི་གོང་དཀའ་ཚེགས་ཁྲོད་དུ་ལ་ཀླུང་བརྒལ་མཁན་གྱི་དམར་དམག་དཔུང་སྡེ་དེས་སྟོབས་ཤུགས་གང་འདྲ་ཞིག་ལ་བརྟེན་ནས་བཀག་སྡོམ་གཏོར་བ་དང་སྟོབས་ཆེའི་དགྲ་བོ་ལས་རྣམ་པར་རྒྱལ་ཏེ། ལོ་རྒྱུས་དེབ་ཐེར་དུ་འཁོད་པའི་རླབས་ཆེན་གྱི་རྒྱང་སྐྱོད་དེ་ལེགས་སྒྲུབ་བྱས་པ་ཡིན་ནམ།
དྲིས་ལན་དེ་ནི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་བྲིས་ཡོད་དེ། “རྒྱ་ཆེའི་མི་དམངས་མང་ཚོགས་ནི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ལས་ང་ཚོར་བློ་འབྱེད་བྱུང་བར། མི་དམངས་མང་ཚོགས་ལ་རྫོགས་མཐའ་མེད་པའི་བློ་གྲོས་དང་སྟོབས་ཤུགས་ལྡན་པས། ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཡིད་ཆེས་དང་མི་དམངས་ལ་དམ་པོར་བརྟེན་ནས་རྒྱ་ཆེའི་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཚེ། གཞི་ནས་བློ་སེམས་གཅིག་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཐུབ”ཅེས་ནན་བཤད་གནང་བ་རེད།
མི་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་དགོས། “མི་དམངས་ནི་དམར་དམག་ལ་རྒྱལ་ཁ་ཐོབ་པའི་རྒྱབ་རྟེན་ཡིན”
2019ལོའི་ཟླ་5པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གནམ་གྲུ་དང་། མེ་འཁོར། རླངས་འཁོར་བཅས་ལ་ཆུ་ཚོད་7ལྷག་ཙམ་བཞུགས་ཏེ། དེ་སྔའི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་ཅང་ཤིས་ལྷོ་རྒྱུད་ཀྱི་ཡུས་ཏུའུ་རྫོང་དུ་ཕེབས་པ་རེད།
“ང་རང་ལོ་11གི་གོང་ཅང་ཤིས་ལྷོ་རྒྱུད་དུ་ཡོང་མྱོང་ཡོད། ད་བར་གསར་བརྗེའི་རྟེན་གཞི་ཁུལ་རྙིང་པའི་ཡུལ་མི་ཚོའི་འཚོ་བ་ལེགས་སུ་ཕྱིན་ཡོད་མེད་དང་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་ཇི་འདྲ་ཡིན་མིན་ལ་ལྟ་འདོད་བྱུང་། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཡུས་ཏུའུ་ནི་ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་ཡིན་ལ། དམར་དམག་རྒྱང་སྐྱོད་ཀྱི་འགོ་འཛུགས་ས་ཡང་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོས་གསུངས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་ལས་ཀྲུང་གོ་གུང་ཁྲན་ཏང་གི་ངོ་བོ་དང་དགོངས་དོན་གྱི་སྟོབས་ཤུགས་གང་ལེགས་མངོན་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུ་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་། ངེས་པར་དུ་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་ངལ་ཁྱད་བསད་དང་རྒྱལ་ཁ་ལེན་དགོས་པ་གསལ་བཤད་གང་ལེགས་བྱས་ཡོད”ཅེས་ནན་བཤད་གནང་བ་རེད།
རང་རེའི་ཏང་གི་ལོ་རྒྱུས་ནི་ཏང་དང་མི་དམངས་གཅིག་སེམས་གཅིག་སྦྲེལ་དང་། དབུགས་ལམ་གཅིག་གྱུར། བདེ་སྡུག་མཉམ་མྱོང་བཅས་ཀྱི་ལོ་རྒྱུས་ཤིག་རེད། སྐབས་དེ་དུས་དམར་དམག་གིས་མི་དམངས་ལ་བརྟེན་ནས་རི་ཆུ་ཁྲི་སྟོང་བརྒལ་ཏེ་ལེ་དབར་ཁྲི་ཡི་རྒྱང་སྐྱོད་བྱས་པ་རེད། ད་ཆ་མི་དམངས་དུང་ཕྱུར་མང་པོས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པ་དེས་རང་རེའི་ཏང་གི་འདོད་ཚུལ་དྲིལ་བསྒྲགས་བྱས་ཤིང་། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲ་བརྟན་དུ་བཏང་བས། ཏང་འདི་ཉིད་མི་དམངས་ཀྱི་ཁྲོད་དུ་རྩ་བ་བརྟན་པོར་ཚུགས་ཐུབ་ཡོད།
ཀྲུང་གོ་གུང་ཁྲན་ཏང་ལ་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་མི་དམངས་ཀྱི་རྒྱབ་སྐྱོར་ཐོབ་པའི་རྒྱུ་མཚན་ཡང་མི་དམངས་ལ་བདེ་སྐྱིད་བསྐྲུན་པས་རེད།
2015ལོའི་ཟླ་6ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་ཙུན་དབྱི་རུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཞིང་དུད་སྤྲོ་སྐྱིད་ཁང་གཉེར་སྐྱོང་བྱེད་མཁན་ཡུལ་མིའི་ཁྱིམ་དུ་ཕེབས་ནས། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་མི་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་བ་རེད། ཚང་མས་དགའ་ཚོར་ཆེན་པོས་ཏང་གི་དམངས་ཕྱུག་སྲིད་ཇུས་ཡག་པོ་ཡོད་ཚུལ་དང་འཚོ་བ་ཉིན་རེ་ལས་མ་འདས་པར་སྐྱིད་དུ་འགྲོ་ཚུལ་སྐོར་ཞུས་པ་རེད།
མི་སེར་གྱི་བདེ་སྡུག་རྟག་ཏུ་སེམས་ལ་འཆང་བ་དང་དམངས་ཕྱུག་གི་ཐབས་ཇུས་རྟག་ཏུ་འགོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར“ཏང་ཀྲུང་དབྱང་གི་སྲིད་ཇུས་ཡག་པོ་ཡོད་མེད་དེ་ཡུལ་མི་ཚོའི་ངོ་གདོང་ལས་གསལ་པོར་མཐོང་ཐུབ” “གྲོང་ཚོའི་ཏང་ཀྲི་པུའུ་དང་། གྲོང་ཚོ་ཨུ་ལྷན། གྲོང་ཚོའི་ལས་བྱེད་པ་བཅས་ཀྱིས་རིག་པ་གཅིག་ལ་སྒྲིམ་པ་དང་། ནུས་ཤུགས་གཅིག་ལ་འདོན་པ། བསམ་བློ་གཅིག་ལ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ཡུལ་མི་ཚོའི་བྱ་བ་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
ལོ་རྒྱུས་ཀྱི་ཀྱོག་མཚམས་རླབས་པོ་ཆེར་དཔང་པོ་བྱས་པའི་གསར་བརྗེའི་ཞིང་ས་གཤིན་པོ་ཙུན་དབྱི་སྔ་ས་ནས་རྣམ་པ་གསར་པར་གྱུར་ཡོད་དེ། ལམ་ཆེན་གྱིས་ཀྱག་ཀྱོག་གི་རི་ལམ་གྱི་ཚབ་བྱས་པ་དང་། ཡུལ་གཞན་དུ་གནས་སྤོས་བྱས་པའི་བདེ་སྡོད་ཁང་པ་གསར་པར་གློག་སྒྲོན་རབ་ཏུ་འཚེར་བ། གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་འཕེལ་བ། སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུ་ལས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པ་ལ་སོགས་རེད།
དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་ད་དུང་འགག་སྒོ་དང་འཕྲང་ལམ་མང་པོ་ཡོད། འགག་སྒོ་དང་འཕྲང་ལམ་ཇི་ཙམ་སྒྲོལ་དགོས་ན་དེ་ཙམ་གྱིས་སྤྱོད་ཚུལ་ལ་ཞུན་བརྡར་སྤྲས་ཏེ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་དགོས།
2026ལོའི་ཟླ་6ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་ཏེ་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། “ཕྱར་བ་གྲུ་འདེགས་ཀྱིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་བསྐྱོད་ནས་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་བཏོད་དེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས”ཞེས་ནན་བཤད་གནང་བ་རེད།
རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་བཞིན་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་མི་འགྱུར་ལ། དད་སེམས་ཀྱང་བརྟན་པོ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།