དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་4.6%འཕར་བ།

    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-10-21

    ཚེས་19ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཞིབ་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1071071ཟིན་པ་དེ་འགྱུར་མེད་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས་4.6%འཕར་ཡོད། དུས་ཚིགས་དབྱེ་ནས་བལྟས་ན། དུས་ཚིགས་དང་པོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་5.0%འཕར་བ་དང་། དུས་ཚིགས་གཉིས་པར་4.3%འཕར་བ། དུས་ཚིགས་གསུམ་པར་4.5%འཕར་ཡོད། དུས་ཚིགས་གོང་མ་དང་བསྡུར་ནས་བལྟས་ན། དུས་ཚིགས་གསུམ་པར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་1.2%འཕར་ཡོད། སྤྱི་ཡོངས་ནས་བལྟས་ན།

    དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོན་པ་མ་ཟད་འཕེལ་རྒྱས་ཀྱི་སྙུགས་ཤེད་དང་གསོན་ཤུགས་ཀྱང་རྒྱུན་མཐུད་མངོན་ཡོད་པ་རེད།

    བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་པོར་འཕར་བ། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་5.3%འཕར་ཞིང་། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་10.2%དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་14.3%འཕར་བ་དེ་ནི་གཞི་ཁྱོན་ཡན་གྱི་བཟོ་ལས་ཡོངས་ཀྱི་འཕར་ཐང་ལས་བརྒྱ་ཆའི་གྲངས་4.9དང་9.0སོ་སོར་མགྱོགས་པ་ཡོད།

    ཞབས་ཞུའི་ལས་རིགས་བརྟན་པོར་འཕར་བ། དུས་ཚིགས་དང་པོ་ནས་གསུམ་པའི་བར། ཞབས་ཞུའི་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་5.2%འཕར་ཡོད། ཟླ་དགུ་པར་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་4.8%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.7མགྱོགས་སུ་ཕྱིན་ཡོད།

    འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་རྒྱ་བསྐྱེད་སོང་བ། དུས་ཚིགས་དང་པོ་ནས་གསུམ་པའི་བར། སྤྱི་ཚོཌ་ཀྱི་འཛད་སྤྱོད་ཚོང་ཟོག་དང་ཞབས་ཞུ་སིལ་ཚོང་བསྡོམས་འབོར་དུས་མཚུངས་ལས་2.6%འཕར་བ་དང་། དེའི་ནང་ཞབས་ཞུ་སིལ་ཚོང་བསྡོམས་འབོར་5.0%འཕར་བ་དང་ཚོང་ཟོག་སིལ་ཚོང་བསྡོམས་འབོར་1.0%འཕར་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་370001ཟིན་པ་དེ་དུས་མཚུངས་ལས་1.1%འཕར་ཡོད།

    ལས་ཞུགས་གནས་བབ་སྤྱིར་ན་བརྟན་པོ་བྱུང་བ། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ནས་ཐོབ་པའི་ལས་ཀ་ཤོར་ཚད་ཀྱི་སྙོམས་ཐང་5.2%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་དང་གཅིག་མཚུངས་ཡིན་པ་དང་། ཟླ་དགུ་པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ནས་ཐོབ་པའི་ལས་ཀ་ཤོར་ཚད་5.2%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1ཆག་ཡོད།

    གྲོང་མིའི་ཡོང་འབབ་བརྟན་པོར་འཕར་བ། དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་གྲོང་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་34230ཟིན་པ་དེ་དུས་མཚུངས་ལས་མིང་ཐོག་ནས་5.3%འཕར་བ་དང་རིན་གོང་གི་རྒྱུ་རྐྱེན་ཕུད་དོན་དངོས་ཐོག་འཕར་ཚད་4.4%ཟིན་ཡོད། རྒྱུན་སྡོད་ས་ཆ་ལྟར་དབྱེ་ན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་44945ཟིན་པ་དེ་དུས་མཚུངས་ལས་མིང་ཐོག་ནས་4.5%དང་དོན་དངོས་ཐོག་3.6%འཕར་ཡོད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་18809ཟིན་པ་དེ་དུས་མཚུངས་ལས་མིང་ཐོག་ནས་6.3%དང་དོན་དངོས་ཐོག་5.6%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།