སྡེ་ཚན་གསུམ་གྱིས་མཉམ་དུ་ཡིག་ཆ་བཀྲམ་པ།
རྒན་གསོའི་ཞབས་ཞུའི་རིན་གོང་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ།
ཉིན་ཤས་གོང་། རིམ་དབྱེ་རིགས་དབྱེ་དང་། ཀུན་ཕན་ཁྱབ་འགྱེད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་རམ་འདེགས་བྱེད་པ་དང་། ཀུན་ཕན་རྒན་གསོའི་ཞབས་ཞུའི་མཁོ་སྤྲོད་རྒྱ་ཆེར་གཏོང་བར་སྐུལ་འདེད་གཏོང་བ། རྒན་གསོའི་ཞབས་ཞུའི་བྱ་གཞག་དང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་སྡེ་ཚན་གསུམ་གྱིས་མཉམ་དུ《རིན་གོང་བཟོ་བའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཀུན་ཕན་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཁྱབ་རྒྱ་ཆེར་གཏོང་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ་རེད།
མཛུབ་ཁྲིད་བསམ་འཆར་ནང་། སྒྲིག་གཞིའི་ཁྱབ་ཁོངས་ཁ་གསལ་བཟོ་བ་དང་། རིན་གོང་བཟོ་བའི་ལམ་སྲོལ་རིགས་དབྱེ་ནས་འཐུས་སྒོ་ཚང་དུ་གཏོང་བ། གྲོན་བསྡུའི་ཚད་གཞི་ལུགས་མཐུན་གྱིས་བཟོ་བ་དང་ལེགས་སྒྲིག་བྱེད་པ། སྲིད་ཇུས་འདུས་གྲུབ་དང་རྒྱབ་སྐྱོར་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་བརྒྱུད། རིན་གོང་སྲིད་ཇུས་ཀྱིས་སྤུས་ལེགས་ཀུན་ཕན་གྱི་ཞབས་ཞུ་མཁོ་སྤྲོད་ལ་སྣེ་ཁྲིད་སྐུལ་སྤེལ་གྱི་ནུས་པ་དེ་བས་ལེགས་པ་འདོན་རྒྱུ་ཡིན་པ་རེད། དེའི་ནང་གཙོ་བོ་ཕྱོགས་གསུམ་ཐད་ཀྱི་ནང་དོན་ཚུད་ཡོད།
རྒན་གསོའི་སྒྲིག་གཞི་ཁག་གི་ཁྱབ་ཁོངས་གཏན་འཁེལ་གསལ་པོ་བྱས་ཤིང་། ཐ་སྐྱོང་འགན་ལེན་རྣམ་པའི་སྒྲིག་གཞི་ནི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་སོགས་ཚོགས་སྤྱིའི་ཚང་མ་བསྡུ་བ་བའམ་ཡང་ན་གཙོ་བོ་བསྡུ་ཉར་བྱེད་པའི་གཞུང་བཙུགས་ཀྱི་རྒན་གསོའི་སྒྲིག་གཞི་ལ་ཟེར། ཀུན་ཕན་རྒྱབ་སྐྱོར་རྣམ་པའི་སྒྲིག་གཞིའི་ནང་སྤྱི་ཚོགས་ཐོག་གི་རྒན་རྒོན་བསྡུ་ཉར་བྱ་རྒྱུ་གཙོ་བོར་བྱས་པའི་གཞུང་བཙུགས་གཞུང་གཉེར་དང་གཞུང་བཙུགས་དམངས་གཉེར་གྱི་རྒན་གསོའི་སྒྲིག་གཞི་དང་། དེ་བཞིན་ས་ཆའི་འགྲོ་གྲོན་ཆག་ཡང་དང་རྩ་ཆག་ཐོབ་པའམ་ཡང་ན་འཛུགས་སྐྲུན་གཉེར་སྐྱོང་ཁ་གསབ་སོགས་སྲིད་གཞུང་གིས་རྒྱབ་སྐྱོར་ཐོབ་པའི་སྤྱི་ཚོགས་ཀྱིས་བཙུགས་པའི་རྒན་གསོའི་སྒྲིག་གཞིར་ཟེར། རྒན་གསོའི་སྒྲིག་གཞི་གཞན་དག་ནི་ཡོངས་སུ་ཁྲོམ་རའི་རྣམ་པའི་སྒྲིག་གཞི་རེད།
རིམ་པ་དང་རིགས་དབྱེ་ནས་རྒན་གསོའི་ཞབས་ཞུའི་རིན་གོང་དོ་དམ་བྱེད་སྟངས་འཐུས་སྒོ་ཚང་དུ་བཏང་ཞིང་། ཐ་སྐྱོང་འགན་ལེན་རྣམ་པའི་སྒྲིག་གཞིའི་གཞི་རྩའི་ཞབས་ཞུའི་གྲོན་དངུལ་ལ་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་གི་དོ་དམ་བྱེད་སྟངས་སྤྱོད་རྒྱུ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་ནུས་ཤོར་རྒན་རྒོན་ལ་གཏན་འབེབས་ལྟར་རིན་མི་དགོས་པར་བསྡུ་བའི་སྲིད་ཇུས་ལག་ལེན་བསྟར་བའམ་ཡང་ན་འབྲེལ་ཡོད་ཁ་གསབ་སྤྲོད་རྒྱུ་དང་། ཀུན་ཕན་རྒྱབ་སྐྱོར་རྣམ་པའི་སྒྲིག་གཞིའི་གཞི་རྩའི་ཞབས་ཞུའི་གྲོན་དངུལ་ཐད། གཞུང་བཙུགས་གཞུང་གཉེར་དང་གཞུང་བཙུགས་དམངས་གཉེར་སྒྲིག་གཞིར་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་ལེན་བསྟར་རྒྱུ་དང་། སྤྱི་ཚོགས་ཀྱིས་བཙུགས་པའི་སྒྲིག་གཞིའི་གྲོན་བསྡུའི་ཚད་གཞིར་དཔྱད་གཞིའི་ཁྱབ་ཁོངས་བཟོས་ནས་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བའམ་ཡང་ན་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་ལེན་བསྟར་རྒྱུ། ཡོངས་སུ་ཁྲོམ་རའི་རྣམ་པའི་སྒྲིག་གཞིའི་གྲོན་བསྡུར་ཁྲོམ་རའི་སྙོམས་སྒྲིག་རིན་གོང་དང་སྤུས་ལེགས་གོང་ཁེ་ཡོང་བར་ལྕག་སྐུལ་བྱས་ཏེ་རྒན་རྒོན་ཚོའི་དགོས་མཁོ་སྣ་ཚོགས་སྐོང་རྒྱུ། སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་ཞུར་མ་གནས་སྣོན་པ་སོགས་ཀྱི་གནས་ཚུལ་ལ་གཞིགས་ནས་གྲོན་བསྡུའི་ཚད་གཞི་ལུགས་མཐུན་བཟོས་ཏེ། སྒྲིག་གཞི་དང་ལྷག་པར་དུ་གཞུང་བཙུགས་སྨན་བཅོས་སྒྲིག་གཞིས་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་ཞབས་འདེགས་ཞུ་བའི་ཧུར་སེམས་སྐུལ་སྤེལ་བྱེད་ཆོག སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུ་ཡོངས་བཅོལ་གྱི་ཉལ་ཁྲི་10ཡན་ཡོད་པར་རྒན་གསོའི་སྒྲིག་གཞིར་བརྩིས་ནས་དོ་དམ་བྱེད་པ་དང་། ཉལ་ཁྲི་10མན་ལ་རྩ་དོན་ཐོག་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་ལེན་བསྟར་རྒྱུ། ཁྱིམ་སྡོད་ཀྱི་རྒན་གསོའི་ཞབས་ཞུར་ཁྲོམ་རའི་སྙོམས་སྒྲིག་རིན་གོང་གི་དོ་དམ་བྱེད་སྟངས་ལག་ལེན་བསྟར་རྒྱུ་རེད།
རིན་གོང་གཏན་འཁེལ་དང་གྲོན་བསྡུའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཞིང་། དཀར་ཆག་གི་གསལ་ཐོའི་དོ་དམ་ལམ་ལུགས་བཟོས་ནས་འགྲོ་གྲོན་ཚང་མ་གསལ་ཐོའི་ནང་འཇུག་པ་དང་། གསལ་ཐོར་མི་ཚུད་པ་ཚང་མར་གྲོན་དངུལ་བསྡུ་མི་ཆོག་པ་བཅས་འཁོད་ཡོད།
འབྲེལ་ཡོད་གསར་འགྱུར།