ཉིང་ཞ་ཤིས་ཅི་རྫོང་མའོ་ཅ་ཀོའུ་གྲོང་ཚོས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱས་པ།
དམར་དམག་གྲོང་སྡེ་འཁྲུག་ཆ་དོད། ལས་གཏོད་ཚ་རླབས་དགུང་དུ་འཕྱུར།

འདི་ནི་ཡུལ་སྐོར་བས“དམར་དམག་གྲོང་སྡེའི”རྒྱང་སྐྱོད་ལམ་བུར་བསྐྱར་དུ་སྐྱོད་བཞིན་པ།
ཕིང་བཟོ་ཁང་གི་སླ་ངའི་ནང་ཆུ་ཚ་པོ་ལྷོག་ལྷོག་ཏུ་འཁོལ་བཞིན་ཡོད། ཉིང་ཞ་ཤིས་ཅི་རྫོང་ཅང་ཐའེ་པའོ་གྲོང་རྡལ་མའོ་ཅ་ཀོའུ་གྲོང་ཚོའི“དམར་དམག་གྲོང་སྡེར”ཡུལ་སྐོར་བ་ཚོས་ཐབ་ཀའི་མཐའ་འཁོར་དུ་བསྡད་དེ་ཡུལ་མི་ཚོ་དང་མཉམ་དུ་ཕིང་བཟོ་སྟངས་སྦྱོང་བཞིན་འདུག
“དེ་ནི་དེ་དུས་དམར་དམག་གིས་ཡུལ་མིར་བསླབས་པའི་ལག་ཤེས་ཤིག་རེད”ཅེས“དམར་དམག་གྲོང་སྡེའི”འགན་འཁུར་བ་ཞེ་ཧུང་དབྱི་ཡིས་ངོ་སྤྲོད་བྱས་ཤིང་། 1935ལོར་དམར་དམག་རྒྱང་སྐྱོད་བྱེད་དུས་ཤིས་ཅི་ནས་བརྒྱུད་སྐབས། འཐབ་འཛིང་པ་ཚོས་དེ་གར་ཞོག་ཁོག་མང་པོ་ཐོན་ཡང་དེ་གའི་ཡུལ་མི་ཚོས་རླངས་བཙོས་ཙམ་ལས་ཉར་ཚགས་ཡག་པོ་བྱེད་ཤེས་ཀྱི་མེད་པ་མཐོང་ནས་ཚང་མར་ཞོག་ཁོག་གི་ཕིང་བཟོ་སྟངས་བསླབས་པ་རེད། བཀའ་དྲིན་དེར་དྲན་གསོ་ཞུ་ཆེད་དེ་གའི་མི་རྣམས་ཀྱིས་ཕིང་དེར“དམར་དམག་ཕིང”ཞེས་བརྗོད་ཀྱིན་ཡོད།
1936ལོར་དམར་དམག་མའོ་ཅ་ཀོའུ་གྲོང་ཚོ་བརྒྱུད་ནས་སྐྱོད་སྐབས། ཡུལ་མིར་བསུན་པོ་མི་བཟོ་བའི་ཆེད་དུ་འཐབ་འཛིང་པ་ཚོས་རི་ལྡེབས་སུ་འཇོར་དང་ལྕགས་ཁེམ་རེ་རེས་ས་ཕུག་23བྲུས་ནས་དེར་ཉིན་30ལྷག་ཙམ་བསྡད་པ་རེད། དམར་དམག་རྡོག་ཐོན་བྱེད་པའི་ཉིན་དེར། ཡུལ་མི་ཚོས་སྐྱེལ་མ་བྱས་ཤིང་། འགའ་རེས་རྡོག་ཁྲེས་འཁྱེར་རོགས་བྱས་པ་དང་། ཁ་ཅིག་གིས་འཐབ་འཛིང་པ་ཚོར་མོག་མོག་དང་ཞོག་ཁོག་བཙོས་མ་སྤྲད་ཡོད།
ཞེ་ཧུང་དབྱི་ནི་མའོ་ཅ་ཀོའུ་གྲོང་ཚོའི་ཡུལ་མི་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་པ་དང་། ཆུང་དུས་ནས་གསར་བརྗེའི་གཏམ་རྒྱུད་ཉན་ནས་ཆེན་པོ་ཆགས་པ་ཞིག་རེད། ཕྱིར་གླ་པར་བསྐྱོད་རྗེས། 2015ལོར་ཁོང་གིས་རང་ཉིད་ཀྱིས་བསགས་པའི་དངུལ་འཁྱེར་ནས་རི་གྲོང་དེར་ཕྱིར་ལོག་བྱས་ཤིང་། ཁོང་གིས“ཕ་ཡུལ་གྱི་གསར་བརྗེའི་ཐོན་ཁུངས་བེད་ཡག་པོ་སྤྱད་དེ་ཡུལ་མི་ཚོའི་འཚོ་བ་སྔར་བས་ཡག་ཏུ་གཏོང་འདོད་བྱུང”ཞེས་བཤད།
དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོའི་འབད་བརྩོན་འོག ད་ཆ“དམར་དམག་གྲོང་སྡེའི”ནང་ས་ཕུག་མགྲོན་ཁང་དང་། ཟ་ཁང་། སྔོ་ཚལ་འཐུ་ཁང་། རིག་གནས་ཉམས་ལེན་ཁུལ། ལག་ཤེས་བཟོ་ཁང་ཁུལ་སོགས་བྱེད་ནུས་ལྡན་པའི་ས་ཁོངས་བཙུགས་པའི་ཐོག ཡུལ་སྐོར་བས་ད་དུང་དམར་དམག་གི་ཆས་གྱོན་ནས་རྒྱང་སྐྱོད་ལམ་བུར་བསྐྱར་དུ་བསྐྱོད་ཆོག་གི་ཡོད། ཚང་མའི་དགའ་བསུ་ཆེན་པོ་ཐོབ་པའི“དམར་དམག་གྲོང་སྡེ”དེས་ལོ་རེར་ཡུལ་སྐོར་བ་མི་ཐེངས་ཁྲི་3ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་350ལྷག་ཙམ་བྱུང་ཡོད།
“དམར་དམག་གྲོང་སྡེ”འཁྲུག་ཏུ་སོང་བས་མའོ་ཅ་ཀོའུ་གྲོང་ཚོའི་རྣམ་པ་ཡང་གསར་རྐྱང་དུ་གྱུར་ཞིང་། གཞོན་ནུ་སྔར་བས་མང་བ་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་པའི་ལས་ལ་ཞུགས་པ་སྟེ། ལ་ལས“དམར་དམག་གྲོང་སྡེའི”གསལ་འགྲེལ་མཁན་བྱེད་པ་དང་། ཁ་ཅིག་གིས་དམངས་སྲོལ་གནས་ཚང་གཉེར་བ། རེ་འགས་བྲ་བོ་བཏབ་སྟེ་ཡུལ་ཟོག་འཚོང་གི་ཡོད། 2020ལོར་མའོ་ཅ་ཀོའུ་གྲོང་ཚོ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་བདམས་ཤིང་། མའོ་ཅ་ཀོའུ་གྲོང་ཚོའི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་དེ་དབུལ་སྒྲོལ་བྱས་པ་མ་ཐག་པའི་སྐབས་ཀྱི་སྒོར་4000ལྷག་ཙམ་ནས་ད་ཆའི་སྒོར་ཁྲི་ལྷག་ཙམ་བར་མང་དུ་སོང་ཡོད།
ད་ལོར་ཤིས་ཅི་རྫོང་གིས་ཅང་ཐའེ་པའོ་ཡི་དམར་དམག་རྒྱང་སྐྱོད་མཉམ་འཛོམས་དྲན་གསོ་ཁང་དང་། “དམར་དམག་གྲོང་སྡེ”ཏན་ཅ་ཅི་གསར་བརྗེའི་གནས་ཡུལ་རྙིང་པ་བཅས་ཞིབ་འཇུག་སློབ་སྦྱོང་ལམ་ཐིག་ཏུ་སྦྲེལ་བ་དེས་ཡུལ་སྐོར་བ་སྔར་བས་མང་བའི་ཡིད་དབང་འགུགས་ཐུབ་ཡོད། ཞེ་ཧུང་དབྱི་ཡིས། “གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། གསར་བརྗེའི་གཏམ་རྒྱུད་ཡག་པོ་ཤོད་པ། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ནས་ད་ཆའི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།