ཤུ་སྒྲ་སྙན་མོ་གྲགས་མ་ཐག འགྲན་བསྡུར་འཁྲུག་པོའི་རྦ་རླབས་འཕྱུར།
—— རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་གྱི་2026ལོའི“ལོ་ངོ་སྟོང་གི་ཚྭ་ཞིང”ཁམས་ཁུལ་གྱི་BAའགྲན་བསྡུར་སྐབས་གསུམ་པའི་མཐོང་ཐོས་སྐོར་བཀོད་པ།

འདི་ནི་ཁམས་ཁུལ་གྱི་BAའགྲན་བསྡུར་བྱེད་བཞིན་པ།
འགྲན་བསྡུར་འགོ་ཚུགས་པའི་ཤུ་སྒྲ་གྲགས་མ་ཐག་རྫ་ཆུའི་ངོགས་ཀྱི་ལོ་ངོ་སྟོང་གི་ཚྭ་ཞིང་ནས་དར་བའི་ཁམས་ཁུལ་གྱི་BAའགྲན་བསྡུར་འགོ་ཚུགས་པ་རེད།
ཟླ་10ཚེས་17ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་རིམ་མཚུངས་མཉམ་འགྲན་གྱི་2026ལོའི“ལོ་ངོ་སྟོང་གི་ཚྭ་ཞིང”ཁམས་ཁུལ་གྱི་BAའགྲན་བསྡུར་སྐབས་གསུམ་པ་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་ཆུ་ཚན་ཁ་ཤང་གི་ལན་ཆིའུ་སྤོ་ལོའི་ཐང་དུ་འགོ་ཚུགས་པ་རེད། བོད་དང་། སི་ཁྲོན་དང་ཡུན་ནན། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར། འབྲེལ་ཡོད་ཁེ་ལས་བཅས་ཀྱི་རུ་ཁག་16དེ་གར་འཛོམས་ཏེ་གངས་ལྗོངས་ས་མཐོའི་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འདུ་ཚོགས་གཟབ་རྒྱས་ལ་མཉམ་དུ་ཞུགས་པ་རེད།
བོད་ཀྱི་ས་གནས་ཀྱི་གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་སྤུས་རྟགས་ཤིག་ཡིན་པའི“ལོ་ངོ་སྟོང་གི་ཚྭ་ཞིང”ཁམས་ཁུལ་གྱི་BAའགྲན་བསྡུར་སྐད་གྲགས་ཆེན་པོ་ཆོད་ཡོད། དང་ཐོག་ས་གནས་ཀྱི་རུ་ཁག་12ལས་མེད་པ་ནས་ད་རེས་གཞི་ཁྱོན་ཆེན་པོས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་། གྲོང་ཁྱེར། ཀྲུང་དབྱང་ཁེ་ལས་བཅས་ཀྱི་འཐུས་མིའི་རུ་ཁག་ཐེངས་དང་པོར་གདན་དྲངས་ནས་འགྲན་བསྡུར་ལ་ཞུགས་ཡོད་པས་འགྲན་བསྡུར་གྱི“གྲོགས་ཚོགས”མུ་མཐུད་རྒྱ་བསྐྱེད་བྱུང་ཡོད། འགྲན་བསྡུར་གྱིས་ལུས་རྩལ་དང་། རིག་གནས་ཡུལ་སྐོར། གྲོང་གསེབ་དར་རྒྱས་བཅས་ཟུང་དུ་འབྲེལ་བའི་ཐབས་ལམ་ཡངས་སུ་བཏང་བས། ཞིང་ལས་ཀྱི་ཁྱད་ལྡན་ཐོན་རྫས་དང་བཟའ་བཏུང་ཞག་སྡོད་ལ་བརྟེན་ནས་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་སྟེ། ཁམས་ཁུལ་གྱི་BAའགྲན་བསྡུར་གྱི་སྙན་གྲགས་གངས་ལྗོངས་ས་མཐོར་ཁྱབ་ཡོད།
སྨར་ཁམས་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ཀྲང་ནན་གྱིས“ད་རེས་ཀྱི་སྤོ་ལོའི་འགྲན་བསྡུར་ནི་རྩལ་འགྲན་རྐྱང་པའི་ཁྱབ་ཁོངས་ལས་བརྒལ་ཡོད། ང་ཚོས་གཉེར་བའི་འགྲན་བསྡུར་དེ་སྤོ་ལོའི་འགྲན་བསྡུར་ཙམ་མིན་པར་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྐར་ཁུང་ཞིག་ཀྱང་ཡིན། ཁམས་ཁུལ་གྱི་BAའགྲན་བསྡུར་གྱི་ཚ་རླབས་ལ་བརྟེན་ནས་བོད་ཤར་རྒྱུད་ཀྱི་རྒུན་འབྲུམ་ཨ་རག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་། ཐོན་ཚོང་སྦྲེལ་མཐུད་ཚོགས་འདུ། ‘ཁྲུང་ཆིང་དང་། ཐེན་ཅིན། ཧྥུའུ་ཅན། བོད་ལྗོངས’བཅས་ཀྱི་སློབ་གྲྭའི་སྤོ་ལོའི་རིགས་ཀྱི‘འབྲེལ་འདྲིས་གསུམ’གྱི་བྱེད་སྒོ་བརྒྱུད་སྨར་ཁམས་ཀྱི་རིག་གནས་ཐོན་རྫས་འོས་སྦྱོར་བྱས་ཏེ་ཕྱོགས་བཞིའི་སྐུ་མགྲོན་གདན་འདྲེན་ཞུ་རྒྱུ་དེ་ཡིན”ཞེས་ངོ་སྤྲོད་བྱས་ཤིང་། འགྲན་བསྡུར་བྱས་པ་བརྒྱུད། ལན་ཆིའུ་སྤོ་ལོ་འབྲེལ་ཐག་ཏུ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་དང་ཚོང་དོན་ཐོན་ལས་སྦྲེལ་མཐུད་མཉམ་ལས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལས་སྟེགས་ཤིག་བཏོད་ཡོད།
འགྲན་རའི་ཕྱིར་འཁྲུག་ཆ་ཧ་ཅང་དོད་ཅིང་། འགྲན་བསྡུར་བྱེད་པ་དང་ཆབས་ཅིག་ཏུ“ལོ་ངོ་སྟོང་གི་ཚྭ་ཞིང”གི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་འགྲེམས་ཚོགས་དང་། བོད་ཤར་རྒྱུད་ཀྱི་རྒུན་འབྲུམ་ཨ་རག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ། ཐོན་ཚོང་སྦྲེལ་མཐུད་ཚོགས་འདུ་བཅས་དུས་གཅིག་ཏུ་འཚོགས་པ་རེད། འགྲེམས་ཚོགས་ལ་འགྲེམས་གནས་220བཀོད་སྒྲིག་བྱས་པ་དང་། དུས་ཚོད་ཀྱང་ཟླ་10ཚེས་15ཉིན་ནས་ཟླ་10ཚེས་29ཉིན་བར་མུ་མཐུད་འཚོགས་ཏེ་བོད་ཀྱི་ཁྱད་ལྡན་ཐོན་རྫས་དང་། མཐའ་མཚམས་ཚོང་དོན་གྱི་སྤུས་ལེགས་ཐོན་རྫས། ལག་ཤེས་བཟོ་རྩལ་ཐོན་རྫས། ཁྱད་ལྡན་ཞིམ་ཟས་བཅས་གཅིག་སྡུད་ཐོག་བཙོངས་ནས་ལུས་རྩལ་འགྲན་བསྡུར་དང་རིག་གནས་ཡུལ་སྐོར་ཚོང་དོན་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་རེད།
འགྲེམས་ཚོང་ཁུལ་གྱི་ཚྭ་འཚོང་མཁན་དགེ་འདུན་མཚོ་མོའི་ཁྲོམ་བཀྱག་མདུན་དུ་མི་ཧ་ཅང་མང་པོ་འཁོར་ཡོད། ཁོང་ཚོའི་ཁྱིམ་གྱིས་ཉི་སྐམ་བཏང་ནས་འཁྱེར་འོང་བའི་ཚྭ་དམར་ལ་སྤོ་ལོ་རྒྱག་མཁན་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དགའ་པོ་བྱེད་ཅིང་། “ཁམས་ཁུལ་གྱི་BAའགྲན་བསྡུར་འགོ་ཚུགས་མ་ཐག་འདི་གར་མི་དེ་བས་མང་དུ་ཕྱིན་འདུག སྔོན་ཆད་ང་ཚོའི་ཚྭ་མང་ཆེ་བ་མཐའ་འཁོར་གྱི་ཞིང་འབྲོག་ཁུལ་ལ་མཁོ་འདོན་བྱེད་ཀྱི་ཡོད་མོད། ད་ཆ་ཡུལ་གཞན་ནས་འོང་བའི་ཡུལ་སྐོར་བ་མང་པོས་ལོ་ངོ་སྟོང་གི་ཚྭ་ཞིང་ནས་ཐོན་པའི་ཚྭ་དྲན་རྟེན་དུ་འཁྱེར་འདོད་བྱེད་ཀྱི་འདུག”ཅེས་དགེ་འདུན་མཚོ་མོས་བཤད་ཅིང་། ཁོ་མོས་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་གཉེར་བ་དེས་མི་སེར་ཚོར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་སྦྱིན་ཡོད་ཅེས་བཤད།
ལན་ཆིའུ་སྤོ་ལོའི་འགྲན་བསྡུར་ལས་གྲོང་ཁྱེར་གྱི་འཚོ་བ་དེ་བས་འཁྲུག་ཏུ་སོང་ཡོད་ལ། འདུ་ཚོགས་གཟབ་རྒྱས་ཤིག་ལས་དེ་གའི་ཡུལ་ལུང་ཡང་འཕེལ་རྒྱས་ཕྱིན་ཡོད། གྲོང་གསེབ་ཀྱི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར་དེ་ནི་སྤོ་ལོའི་རྩལ་འགྲན་གྱི་གར་སྟེགས་ཤིག་ཡིན་ལ། ཁམས་པའི་ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་ཀྱི་མི་ཆོས་རིག་གནས་མངོན་པའི་སྐར་ཁུང་ཞིག་ཀྱང་ཡིན་པ་མ་ཟད། རིག་གནས་ཡུལ་སྐོར་གྱི་ཚོང་དོན་འཁྲུག་ཏུ་གཏོང་བ་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཀྱང་ཡིན་པ་དེས་བོད་ཤར་རྒྱུད་ཀྱི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ལུས་རྩལ་གྱིས་སྟོབས་ཤུགས་ཆེན་པོ་བསྣན་ཡོད།
མཇུག་འགྲིལ་འགྲན་བསྡུར་སྐབས། ད་རེས་མགྲོན་བདག་ཡིན་པའི་སྨར་ཁམས་རུ་ཁག་གིས་འགྲན་བསྡུར་ཐེངས་4བྱས་པ་བརྒྱུད་མཐའ་མའི་དུས་མཚམས་སུ་བསྡུར་གྲངས་92:93གྱི་ཐོག་ནས་སེམས་ཀྱི་ཉི་ཟླའི་རུ་ཁག་ལས་ཕམ་ན་ཡང་། འགྲན་བསྡུར་ཛ་དྲག་པོ་བྱས་པ་དེས་ད་རེས་ཀྱི་འགྲན་བསྡུར་ལ་འགོ་ཡག་པོ་ཞིག་བརྩམས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཁམས་ཁུལ་གྱི་BAའགྲན་བསྡུར་དེ་ཟླ་10ཚེས་24ཉིན་བར་མུ་མཐུད་འཚོག་རྒྱུ་མ་ཟད། ལྟད་མོ་ཆེ་བའི་འགྲན་བསྡུར་ཐེངས་32བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།