ཧུའུ་ཁྲང་ཧྲེང་གིས་མངའ་རིས་ས་ཁུལ་གྱི་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་གནང་བ།
ཀུང་ཧུའེ་ཚའེ་ཞུགས་པ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་གིས་སྒར་རྫོང་དུ་མངའ་རིས་ས་ཁུལ་གྱི་བོད་སྐྱོར་ལས་བྱེད་པ་དང་བཞུགས་མོལ་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག་ཧྲའན་ཤིས་ཞིང་ཆེན་དང་། ཧོ་པེ་ཞིང་ཆེན། དེ་བཞིན་རྒྱལ་ཁབ་གློག་དྲ་དང་། ཀྲུང་གོ་སྒུལ་བདེ། ཀྲུང་གོ་ལན་ཐུང་བཅས་ཀྱི་བོད་སྐྱོར་ལས་བྱེད་པའི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་ནས། མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གནང་སྐབས། མངའ་རིས་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གཉིས་དང་ཀྲུང་དབྱང་ཁེ་ལས་གསུམ་གྱིས་དུས་ཡུན་རིང་པོའི་ནང་ཁ་གཏད་བོད་སྐྱོར་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཐོག་མངའ་རིས་ཀྱི་དགོས་མཁོར་དམིགས་ནས། ནུས་པས་ལྕོག་ཚོད་ཀྱིས་བོད་སྐྱོར་ལས་དོན་གྱི་ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཁག་ཐེངས་རེ་རེས་མངའ་རིས་སུ་གཞིས་ཚུགས་ཏེ་ལེགས་སྐྱེས་ཕུལ་བས། མངའ་རིས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད་ཅེས་གསུངས་ཤིང་། ཧུའུ་ཁྲང་ཧྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཞིང་ཆེན་གཉིས་དང་། ཀྲུང་དབྱང་ཁེ་ལས་གསུམ། དེ་བཞིན་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཚོར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།
ཧུའུ་ཁྲང་ཧྲེང་གིས་བསྟན་དོན། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་འཐབ་ཇུས་ཇུས་བཀོད་གལ་ཆེན་ཞིག་རེད། བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ལ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱེད་པའི་ཆབ་སྲིད་ཀྱི་གཤིས་སྤྱོད་བརྟན་པོར་བཙུགས་ཐོག་བརྟན་ལྷིང་དང་།
འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་དོན་འཁྱོལ་ལ་དམིགས་ནས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་བོད་སྐྱོར་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བོད་སྐྱོར་ལས་དོན་གྱི་གཙོ་གནད་ཁོང་དུ་ཆུད་པ། ཤུགས་རྒྱག་སའི་ཁ་ཕྱོགས་ཡང་དག་འཚོལ་བ། བོད་སྐྱོར་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱས་ཏེ“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ཀྱི་སློབ་གསོ་རྒྱུན་མཐུད་གཏིང་ཟབ་སྤེལ་བ་དང་། ཏང་གི་བཀའ་དྲིན་ཚོར་བའི་སློབ་གསོ་རྒྱ་ཁྱབ་སྤེལ་ནས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པ་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་སུ་འགྱུར་བར་བྱས་ཏེ། ཚང་མར“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བའི་ཁྲིད་སྟོན་བྱེད་དགོས། འབྲེལ་ཟམ་དང་འབྲེལ་ཐག་གི་ནུས་པ་འདོན་པའི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱས་ཏེ་མངའ་རིས་ཀྱི་དོན་དངོས་དང་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་ཁེ་ལས་ཁག་གི་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ། ཁྲོམ་ར་བཅས་ཀྱི་ལེགས་ཆ་ཟུང་འབྲེལ་བྱས་ནས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཡག་པོ་བསྒྲུབས་པ་དང་ཆབས་ཅིག ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་ཐོན་ལས་ལྗང་མདོག་ཕྱོགས་སྒྱུར་ལ་རམ་འདེགས་བྱས་ནས་རོགས་སྐྱོར་བྱ་ཡུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འདེགས་སྐྱོར་དེ་བས་ཡག་པོ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་ཐད་འབད་བརྩོན་དེ་བས་ཆེན་པོ་བྱས་ཏེ་དམངས་འཚོའི་ཁྱབ་ཁོངས་ལ་བོད་སྐྱོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་དང་མང་ཚོགས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་དགོས།
ཧུའུ་ཁྲང་ཧྲེང་གིས་ནན་བཤད་གནང་དོན། རིམ་ཁག་སྡེ་ཚན་ཁག་གིས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་པར་སེམས་ཁུར་བྱས་ཏེ་སྲིད་ཇུས་ཀྱི་མཁོ་སྤྲོད་དང་། ཆབ་སྲིད་ཀྱི་ལྕག་སྐུལ། འཚོ་བའི་འགན་ལེན་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་ཤེས་ལྡན་པ་ཚོར་ལས་ཀ་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་བཏོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པའི་ལག་ལེན་ཁྲོད་ཁོང་ཚོར་བྱས་རྗེས་དེ་བས་ཆེ་བ་འཇོག་ཏུ་འཇུག་དགོས།
འབྲེལ་ཡོད་གསར་འགྱུར།