ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་པེ་ཅིང་དུ་སྤེལ་བ།
—— ཀྲུང་གོ་དང་ཨ་རིའི་གཞོན་ནུའི་སྤེལ་རེས་ཀྱི་རྒྱང་ལམ་གསར་པ་འབྱེད་པ།

འདི་ནི་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གིས་ཆིང་ཧྭ་སློབ་ཆེན་དུ་ལྟ་སྐོར་འཚམས་འདྲི་བྱེད་རིང་དྲན་རྟེན་མཉམ་པར་རྒྱག་བཞིན་པ།
ཟླ་10ཚེས་12ནས་14ཉིན་བར། “ལམ་བུ་གསར་པར་སྐྱོད། ཕན་ཚུན་ཐུག་འཕྲད་བྱེད། འབྱུང་འགྱུར་མཉམ་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་བརྗོད་དོན་གཙོ་བོའི་སྤེལ་རེས་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་སློབ་མ་200ལྷག་ཙམ་གྱིས་བརྗོད་དོན་གཙོ་བོའི་ལྟ་སྐོར་འཚམས་འདྲི་དང་གྲལ་སྒོར་གླེང་མོལ་སོགས་ཀྱི་རྣམ་པའི་ཐོག་ནས་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱས་པ་རེད། བྱེད་སྒོ་དེ་ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་དང་པེ་ཅིང་སློབ་ཆེན་གྱིས་མཉམ་དུ་གཉེར་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི“ལོ་5ལ་ཁྲི10”ཡི་གྲོས་འགོ་དང་ལེན་བྱས་ནས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཕན་ཚུན་སྤེལ་རེས་བྱེད་པར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་བྱ་གཞག་ཆེད་ལང་ཚོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཆེད་རེད།
“གཞོན་ནུ་དེ་བས་མང་བར་ཕན་ཚུན་ཉེ་བཅར་དང་། བསམ་ཤེས། གྲུབ་འབྲས་ཐོབ་པའི་གོ་སྐབས་ཐོབ་རྒྱུ་རེད”
“ཀྲུང་ཨའི་འབྲེལ་བའི་རེ་བ་མི་དམངས་ལ་ཐུག་པ་དང་འབྱུང་འགྱུར་གཞོན་ནུ་ཚོར་ཐུག་ཡོད། འདི་གར་ངས་ཁྱབ་བསྒྲགས་བྱེད་འདོད་པར། འབྱུང་འགྱུར་ལོ་5ཡི་ནང་ཀྲུང་གོ་ཕྱོགས་ཀྱིས་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་10ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་རྒྱུ་ཡིན”ཞེས་ད་ལོའི་ཟླ་9པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིར་རྒྱལ་དོན་འཚམས་འདྲི་གནང་སྐབས་དེ་ལྟར་གསུངས། དེ་ནི་2023ལོའི་ཟླ་11པར་ཨ་རིའི་ཅིའུ་ཅིན་ཧྲན་དུ“ལོ་5ལ་ཁྲི་5”ཡི་གྲོས་འགོ་ཁྱབ་བསྒྲགས་བྱས་རྗེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སླར་ཡང་ཨ་རིའི་གཞོན་ནུ་ལོ་ཆུང་གདན་ཞུ་གནང་བ་ཞིག་རེད།
ཀྲུང་གོ་སློབ་གསོ་རྒྱལ་སྤྱིའི་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་ཐེན་ཞུའེ་ཅུན་གྱིས་བརྗོད་དོན། སློབ་གསོ་སྤེལ་རེས་ཀྱིས་གཞོན་ནུ་ཚོ་སྦྲེལ་མཐུད་དང་། གཞོན་ནུ་ཚོའི་ཡིད་ཆེས་སྐྱེད་སྲིང་། གཞོན་ནུ་ཚོའི་འབྱུང་འགྱུར་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། མངོན་སུམ་གྱི་མྱོང་བ་རེ་རེ་ནི་ཀྲུང་གོ་དང་ཨ་རིའི་མི་རབས་རྗེས་མའི་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེའི་གསོན་ཉམས་ལྡན་པའི་དཔང་པོ་ཞིག་ཏུ་གྱུར་ཡོད། “ལོ་5ལ་ཁྲི་10”ཡི་གྲོས་འགོས་ཀྲུང་ཨའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་བྱ་གཞག་ལ་གོ་སྐབས་གསར་པ་སྦྱིན་རྒྱུ་དང“གཞོན་ནུ་དེ་བས་མང་བར་ཕན་ཚུན་ཉེ་བཅར་དང་། བསམ་ཤེས། གྲུབ་འབྲས་ཐོབ་པའི་གོ་སྐབས་ཐོབ་རྒྱུ་རེད”
“ཀྲུང་གོའི་གཞོན་ནུ་དང་མཉམ་དུ་ཚན་རྩལ་ཡར་རྒྱས་ལ་སྐུལ་འདེད་བཏང་ནས་གསར་གཏོད་གྲུབ་འབྲས་ལས་མི་དེ་བས་མང་བར་ཕན་པ་ཐོབ་པར་བྱ་རྒྱུ་རེད”
གྲངས་འཛིན་ཅན་གྱི་ནུས་པ་འཕེལ་རྒྱས་ལྟེ་གནས་དང་། ཇུས་འགོད་དང་མ་དཔེའི་ཚོད་ལྟ་ཁང་སོགས་ཆིང་ཧྭ་སློབ་ཆེན་དུ་དབྱིངས་ཞུགས་རྣམ་པའི་ཚན་རྩལ་ཉམས་ལེན་ལས་འཚམས་འདྲིར་ཡོང་མཁན་གཞོན་ནུ་ཚོར་བག་ཆགས་ཟབ་མོ་བཞག་ཡོད། གློག་རྡུལ་ལས་གྲྭའི་ཚན་ཁག་གི་གྲངས་འཛིན་འདྲ་བཟོའི་ལས་སྟེགས་སུ་འབྱུང་འགྱུར་གྲོང་ཁྱེར་གྱི་གྲངས་འཛིན་དཔེ་དབྱིབས་རིམ་བཞིན་མངོན་ཡོད། ཨ་རིའི་ཡིའུ་ཐ་ཀྲོའུ་ཡི་མཐོ་རིམ་སློབ་འབྲིང་གི་སློབ་མ་ཏེར་མོ·ཕི་ལིན་གྱིས་བརྙན་རིས་ལ་ལྟ་བཞིན་འགྲེལ་བཤད་ཉན་གྱིན“དཔེ་དབྱིབས་སྐྲུན་སྐབས་གྲོང་ཁྱེར་གྱི་ཁོར་ཡུག་ཇུས་འགོད་ལ་བསམ་གཞིག་བྱེད་སྲིད་དམ། འདི་ལྟར་་ཇུས་འགོད་བྱས་པའི་གྲོང་ཁྱེར་དེ་གནས་འཕྲོད་དང་འཚམ་མམ”ཞེས་དྲིས། ཕི་ལིན་གྱིས་རྒྱ་ཡིག་སྦྱངས་ནས་ལོ་10སོང་ཞིང་། ཐོག་མཐའ་བར་གསུམ་དུ་གྲོང་ཁྱེར་གྱི་ཇུས་འགོད་འཛུགས་སྐྲུན་ལ་གཞོལ་བཞིན་ཡོད། འབྱུང་འགྱུར་ཁོང་གིས་རྒྱལ་སྤྱིའི་སློབ་གླིང་དུ་བསྐྱོད་དེ་ཉམས་མྱོང་གསར་པ་བསྡུ་ལེན་དང་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་གྲོང་ཁྱེར་འཛུགས་སྐྲུན་ལ་རང་ཉིད་ཀྱི་བསམ་ཚུལ་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
“དེ་རིང་གི་ཐུག་འཕྲད་དེ་ཨ་ཀྲུང་གཞོན་ནུའི་ཡུན་རིང་མཛའ་གྲོགས་ཀྱི་འགོ་འཛུགས་སར་འགྱུར་བའི་རེ་བ་ཡོད”
ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཀྲུང་གོ་ཁུལ་གྱི་ཚོགས་གཙོ་ཀྲང་ལི་ཕེ་ཡིས་བརྗོད་དོན། ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་དང་། ཐུན་མོང་ཐོག་སློབ་སྦྱོང་ངམ་ཡང་ན་ལས་ཀ་བྱས་པའི་བརྒྱུད་རིམ་དེ་དཔེ་དེབ་བམ་ཡང་ན་སྨྱན་སྦྱོར་ཁོ་ན་བརྒྱུད་རྒྱལ་ཁབ་གཅིག་ཤེས་རྟོགས་བྱེད་པ་ལས་དེ་བས་ཇི་མ་ཇི་བཞིན་དང་གཏིང་ཟབ་ཡོང་གི་འདུག “ལོ་5ལ་ཁྲི་10”ཡི་གྲོས་འགོས་ཨ་རིའི་གཞོན་ནུ་དེ་བས་མང་བས་ཀྲུང་གོ་ཤེས་རྟོགས་དང་མཛའ་གྲོགས་ཟབ་ཏུ་གཏོང་བར་གོ་སྐབས་གཏོད་རྒྱུ་རེད། “ཨ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་གྱི་བསམ་ཤེས་དང་ཡིད་ཆེས་ནི་དུས་ཐུང་ཞིག་ནང་བཙུགས་པ་ཞིག་མིན་པར་དེ་ནི་མི་རབས་ནས་མི་རབས་བར་རྒྱུན་ཆད་མེད་པར་ཕན་ཚུན་ཉེ་བཅར་བྱས་ནས་གྲུབ་པ་ཞིག་རེད། དེ་རིང་གི་ཐུག་འཕྲད་ནི་ཨ་རི་དང་ཀྲུང་གོའི་ན་གཞོན་རྣམས་ཀྱི་ཡུན་རིང་གི་མཛའ་བརྩེའི་འགོ་རྩོམ་ས་ཞིག་ཏུ་འགྱུར་བའི་རེ་བ་ཡོད”ཅེས་ཀྲང་ལི་ཕེས་བརྗོད།
འབྲེལ་ཡོད་གསར་འགྱུར།