དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བརྗོད་དོན།

    འགྲེམས་ཚོགས་རབ་དང་རིམ་པ་ནི་ཀྲུང་གོས་གོ་ལ་ཧྲིལ་པོ་དང་སྦྲེལ་མཐུད་བྱེད་སའི་སྐར་ཁུང་གལ་ཆེན་ཞིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-10-20

    སྐབས་140པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་འདུས(གཤམ་དུ“ཀོང་ཀྲོའུ་ཚོང་འདུས”ཞེས་བསྡུ་རྒྱུ)ཟླ་10ཚེས་15ཉིན་ཀོང་ཀྲོའུ་རུ་གཉེར་བ་རེད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ལ་ཁྱོན་ཁེ་ལས་ཁྲི་3.2ཙམ་ཞུགས་པ་དང་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་34ཙམ་ཉོ་སྒྲུབ་བྱེད་པར་སླེབས་ཡོད། འདི་ནི་ཀྲུང་ཕྱིའི་ཚོང་པ་དང་ལས་དོན་པ་ཀོང་ཀྲོའུ་ཚོང་འདུས་ཀྱི་འགྲེམས་ཁང་དུ་སྐྱོད་བཞིན་པ།

    ཟླ་10ཚེས་15ཉིན། ཀོང་ཀྲོའུ་ཚོང་འདུས་སྐབས་140པའི་ནུས་གསར་རླངས་འཁོར་དང་དེ་བཞིན་རིག་ལྡན་ཕྱིར་སྐྱོད་འགྲེམས་ཁུལ་དུ་ཕྱི་རྒྱལ་གྱི་ཚོང་པ་མང་པོ་ཞིག་གིས་འཛམ་གླིང་ལ་སྣེ་ཁྲིད་བྱེད་པའི་རང་རྒྱལ་གྱི་ནུས་གསར་རླངས་འཁོར་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། འདི་ནི་ཕྱི་རྒྱལ་གྱི་ཚོང་པ་ཞིག་གིས་ནུས་གསར་རླངས་འཁོར་ཉམས་ལེན་བྱེད་བཞིན་པ། (ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ལྟེ་གནས་ཀྱིས་པར་རིས་མཁོ་འདོན་བྱས)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་དུས། ཀྲུང་གོས་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་རབ་དང་རིམ་པ་བསྟུད་མར་གཉེར་ཞིང་། ཚེས་14ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་དྲི་བར་ལན་སྐྱོན་སྐབས། འགྲེམས་ཚོགས་རབ་དང་རིམ་པ་འདི་དག་ནི་ཀྲུང་གོས་གོ་ལ་ཧྲིལ་པོར་སྦྲེལ་མཐུད་དང་། འཕེལ་རྒྱས་ལ་མཐུན་སྦྱོར། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་སྐར་ཁུང་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་དྲིས་དོན། ཀོང་ཀྲོའུ་ཚོང་འདུས་སྐབས་140པ་ཟླ་10ཚེས་14ཉིན་འགོ་ཚུགས་པ་དང་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་ཡང་ཟླ་11ཚེས་5ཉིན་འགོ་འཛུགས་རྒྱུ་རེད། ཉེ་དུས། ཀྲུང་གོ་ཕྱོགས་ཀྱིས་ད་དུང་ཀྲུང་གོ་རྒྱལ་སྤྱིའི་ཞབས་ཞུའི་ཚོང་འདུས་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འགྲེམས་ཚོགས། གོ་ལ་ཧྲིལ་པོའི་གྲངས་འཛིན་ཚོང་དོན་འགྲེམས་ཚོགས་སོགས་བདེ་བླག་གཉེར་ཡོད། སྨྱན་སྦྱོར་གྱིས་དཔྱད་གཏམ་སྤེལ་ནས་ཉེ་དུས་ཀྲུང་གོས་རྒྱལ་སྤྱིའི་རང་བཞིན་གྱི་འགྲེམས་ཚོགས་རབ་དང་རིམ་པ་བསྟུད་མར་གཉེར་བ་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ཁེ་ལས་དེའི་ནང་ཧུར་ཐག་ཞུགས་པའི་ཡིད་དབང་བཀུག་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་དུ་གྱུར་ཡོད་པའི་ངོས་འཛིན་བྱས་ཡོད། དེའི་ཐད་མགྲིན་ཚབ་པས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ།

    མའོ་ཉིང་གིས། ད་ལོ་ནི་ཀོང་ཀྲོའུ་ཚོང་འདུས་གཉེར་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་པས། ཁེ་ལས་ཁྲི་3ལྷག་ཙམ་འགྲེམས་སྟོན་ནང་ཞུགས་རྒྱུ་ཡིན་པ་དང་། དེའི་ནང་ཆེད་ལས་དང་། སྤུས་ལེགས། ཁྱད་ལྡན། གསར་པ། སྡེ་ཚན་རྐྱང་པའི་ཨང་དང་པོ་སོགས་སྤུས་ལེགས་ཁེ་ལས་ཁྲི་1.1ལྷག་བརྒལ་ཡོད། ད་ལོའི་ནང་འདྲེན་འགྲེམས་ཚོགས་ཀྱིས་དར་རྒྱས་འགྲོ་འགོར་ཤོས་ཀྱི་རྒྱལ་ཁབ་ལ་རིན་པ་མི་དགོས་པའི་འགྲེམས་གནས་མུ་མཐུད་མཁོ་འདོན་བྱ་རྒྱུ་མ་ཟད། ད་དུང་ཨེ་ཤེ་ཡ་དང་ཨ་ཧྥེ་རི་ཁའི་ཐོན་རྫས་ཆེད་ཁུལ་རིམ་སྤོར་ཡང་བྱས་ནས་ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་ལ“སྒོ་ཁྲལ་མེད་པའི”ཁེ་སྤོགས་དམ་འཛིན་ཐུབ་པར་རོགས་རམ་བྱ་རྒྱུ་རེད་ཅེས་བརྗོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།