དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་དེ་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ཁྲོད་རྩ་བ་ཚུགས་ནས་འབྲས་བུ་སྨིན་པར་བྱེད་དགོས།

    ཧོ་དབྱིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-10-20

    2023ལོའི་ཟླ་11པར། ཀྲུའུ་ཞི་ཞི་ཅིན་ཕིང་ཨ་རིར་འཚམས་འདྲིར་ཕེབས་སྐབས“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བའི”གྲོས་འགོ་བཏོན་གནང་ནས། དུས་རབས་གསར་པའི་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ལོ་གཉིས་ལྷག་ཙམ་རིང་། ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་མང་པོ་ཞིག་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རེས་ཁྲོད་འཛམ་གླིང་ལ་ཤེས་རྟོགས་ཟབ་ཏུ་དང་མཐོང་རྒྱ་ཆེ་རུ་ཕྱིན་ཞིང་། དེའང་སློབ་ཁང་དུ་སློབ་སྦྱོང་བྱེད་པ་ནས་རིག་གནས་མྱོང་ལེན་དང་། གྲོང་ཁྱེར་དུ་འདྲི་རྟོག་བྱེད་པ་ནས་སྤྱི་ཚོགས་ཀྱི་ལག་ལེན་བར་མྱོང་བ་དངོས་རེ་རེ་དང་ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་རེ་རེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་རྒྱུས་ལོན་དང་འཆམ་མཐུན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད། ལོ་གཉིས་དང་ལོ་ཕྱེད་སྔོན་ལ“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བའི”གྲོས་འགོའི་དམིགས་ཚད་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་10ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བའི”གྲོས་འགོ་མུ་མཐུད་ལག་ལེན་བསྟར་བཞིན་ཡོད། གཞོན་ནུ་ལོ་ཆུང་ཁྲི་ལྔ་ནས་ཁྲི་བཅུའི་བར་འཕར་བ་ནི་གྲངས་ཀ་ཙམ་མ་ཡིན་པར་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་དེ་བས་མང་བ་ཕན་ཚུན་ཉེ་བཅར་དང་། ཕན་ཚུན་རྒྱུས་ལོན། ཕན་ཚུན་ཡར་ཐོན་ལ་གཞོགས་འདེགས་བྱེད་པ་བཅས་ཀྱི་བསམ་པ་འཆང་བ་དང་བྱ་སྤྱོད་སྤེལ་བའི་གོ་སྐབས་ཤིག་དེ་བས་ཀྱང་རེད།

    དམངས་སེམས་གཅིག་མཐུན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་ཨའི་འབྲེལ་བའི་རྨང་གཞི་བརྟན་ཤོས་དང་དུས་ཡུན་རིང་ཤོས་ཀྱི་སྒུལ་ཤུགས་ཤིག་ཡིན། “ཕིང་ཕང་སྤོ་ལོའི་ཕྱི་འབྲེལ”གྱིས་ཀྲུང་གོ་དང་ཨ་རིའི་དབར་ལོ་མང་མཚམས་འཇོག་བྱས་པའི་སྤེལ་རེས་ཀྱི་སྒོ་མོ་ཕྱེ་བ་དང་། “ཀུའུ་ལིང་གི་ལས་འབྲེལ”གྱིས་དུས་རབས་བརྒལ་བའི་མཛའ་གྲོགས་ཀྱི་བརྩེ་སེམས་རྒྱུན་འཛིན་བྱས་པ། ཨའེ་ཨའོ་ཝ་ཀྲོའུ་ཡིས་ས་གནས་མཉམ་ལས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད་སྙན་པོར་བདེན་དཔང་བྱས་པ་སོགས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་འགྲོ་འོང་གི་ཆུ་ཕྲན་ལྷུང་ལྷུང་དུ་བབས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཆུ་འགོ་ལྟ་བུར་གྱུར་ཡོད། ཉེ་དུས་ཨ་རིའི་གཙོ་རྒྱུན་དམངས་འདོད་བརྟག་དཔྱད་སྒྲིག་གཞི་མང་པོ་ཞིག་གི་བརྟག་དཔྱད་འབྲས་བུ་ལས་མངོན་པར། ཨ་རིའི་དམངས་ཚོགས་ཀྱིས་ཀྲུང་གོར་དགའ་པོ་བྱེད་ཚད་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད། ཀྲི་ཅ་ཀོའི་གོ་ལ་ཧྲིལ་པོའི་ལས་དོན་ཨུ་ལྷན་གྱིས་བརྟག་དཔྱད་བྱེད་རིང་བཅར་འདྲི་དང་ལེན་བྱེད་མཁན་ཨ་རིའི་དམངས་ཚོགས་57%གྱིས“ཀྲུང་གོ་དང་མཛའ་གྲོགས་མཉམ་ལས་དང་འབྲེལ་གཏུག་བྱེད་པར”རྒྱབ་སྐྱོར་བྱས་ཡོད།

    “ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བ”ནས“ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་10ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་བའི”བར་ཀྲུང་གོ་དང་ཨ་རིའི་གཞོན་ནུ་ལོ་ཆུང་དབར་གྱི་མཛའ་གྲོགས་དེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་སྐྱོན་བྲལ་དང་འཕེལ་རྒྱས་བརྟན་པོ་འགྲོ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་དང་མཉམ་དུ་དམངས་ཁྲོད་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་མུ་མཐུད་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་རིའི་དམངས་ཁྲོད་མཛའ་གྲོགས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ། ཀྲུང་ཨའི་དགེ་མཚན་ལྡན་པའི་འཐབ་ཇུས་བརྟན་ལྷིང་གི་འབྲེལ་བ་ནམ་ཡང་ཉམས་པ་མེད་པའི་དམངས་ཁྲོད་ཀྱི་སྟོབས་ཤུགས་གཅིག་ཏུ་འགྱུར་བར་བྱེད་འདོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།