འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ཕུལ་བྱུང་འཐུས་མི་ལྔས་ཀྲུང་ཕྱིའི་གསར་འགོད་པ་དང་ཐུག་འཕྲད་བྱས་པ།
མུ་མཐུད་འབད་འཐབ་བྱས་ཏེ་ལམ་བུ་གསར་འབྱེད་ཀྱི་གདོང་ལེན་པ་ཞིག་བྱེད།
འགྲིམ་འགྲུལ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་འབྱེད་ཀྱི་གདོང་ལེན་པ་ལྟ་བུ་ཡིན་ཞིང་། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། འགྲིམ་འགྲུལ་པ་མི་རབས་ཁ་ཤས་ཀྱིས་རི་གཤགས་ནས་ལམ་བཟོ་བ་དང་ཆུ་བརྒལ་ནས་ཟམ་པ་བསྐྲུན་ཏེ། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་ཞིག་བསྐྲུན་ཡོད། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་མགྱོགས་སུ་གཏོང་རིང་དུས་རབས་གསར་པའི་ལམ་བུ་གསར་འབྱེད་ཀྱི་གདོང་ལེན་པ་འབོར་ཆེན་ཞིག་གཅིག་རྗེས་གཉིས་མཐུད་ངང་ཐོན་པ་དེ་དག་གིས་བཀྲག་མདངས་འཚེར་བའི་རྒྱུགས་ལན་ཕུལ་ཡོད།
ཟླ་10ཚེས་16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི“རྒྱང་ལམ་གསར་པའི་འབད་འཐབ་པ”ཞེས་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པའི་ཐུག་འཕྲད་ཚོགས་འདུའི་ཐོག་འགྲིམ་འགྲུལ་ཁྱབ་ཁོངས་ཀྱི་ཕུལ་བྱུང་འཐུས་མི་5ཡིས“‘ལོ་ལྔ་ཚན་བཅོ་ལྔ་པར’འབད་འབུངས་མདུན་སྐྱོད་བྱེད། ལམ་བུ་གསར་འབྱེད་ཀྱི་གདོང་ལེན་པ་ཞིག་བྱེད”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྤེལ་རེས་བྱས་པ་རེད།
“མི་སྣ་འགྲོ་སྐྱོད་ཐོགས་པ་མེད་པ་དང་དངོས་ཟོག་དབོར་བར་འགོག་རྐྱེན་མེད་པ”མངོན་འགྱུར་མགྱོགས་པོ་བྱུང་བ་དེ་ནི་འགྲིམ་འགྲུལ་པ་གྲངས་ལས་འདས་པས་ཉིན་མཚན་དབྱེར་མེད་ངང་སྐད་གྲགས་མེད་པར་ལས་གནས་བརྟན་སྲུང་བྱས་པ་ལས་བྱུང་བ་ཞིག་རེད།
བོད་རང་སྐྱོང་ལྗོངས་ནག་ཆུ་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་སྲུང་ལྟེ་གནས་ལྷ་རི་བདག་སྐྱོང་དུམ་བུའི་འགན་འཁུར་བ་བསམ་གྲུབ་ཀྱིས“ངའི་ཕ་མ་གཉིས་ཀ་ལམ་སྐྱོང་བ་རྒན་རབས་རེད”ཅེས་བཤད། ལོ་ན་17ལ་སླེབས་པའི་ལོ་དེར་ཁོང་ཡང་ཕ་མ་གཉིས་དང་འདྲ་བར་ལམ་སྐྱོང་བ་ཞིག་ཏུ་གྱུར་པ་དང་། ཁོང་གིས། “ལོ་30ལྷག་ཙམ་རིང་ངས་ཐོག་མཐའ་བར་གསུམ་དུ་ཆ་སྙོམས་ས་བབ་སྨི་4500ཡན་ཡོད་པའི་བོད་བྱང་ཐང་གི་གཞུང་ལམ་གྱི་འཐབ་ས་དང་པོར་བརྟན་སྲུང་བྱས་ཏེ། ས་བབ་མཐོ་ཞིང་གྲང་ལ་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་ཁ་བ་བུ་ཡུག་ཁྱད་བསད་དང་ཆུ་ལོག་གི་གཏོར་སྐྱོན་འཕྲལ་དུ་ཉམས་བཟོ་བྱས་ནས་འགྲོ་ལམ་ཤར་གཏོང་ཐུབ་པར་བྱས་ཡོད”ཅེས་བཤད།
འཇོར་དང་སྦྱག་མར་བརྟེན་ནས་འགྲོ་ལམ་བདག་སྐྱོང་བྱེད་རིང་། བསམ་གྲུབ་ཀྱིས“མཁའ་ལམ”གྱི་འཕོ་འགྱུར་དཔང་པོ་བྱས་པ་སྟེ། ད་ཆ་བོད་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་ཁྲི་12.52ཟིན་པའི་ནང་རིམ་ལྡན་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་ཁྲི་11ཟིན་གྱི་ཡོད། “ཕ་ཡུལ་གྱི་མི་དམངས་རྣམས‘མཐུན་སྒྲིལ་ལམ་བུ’དང‘བདེ་སྐྱིད་ལམ་བུ’རེ་རེའི་ཐོག་སྐྱོད་པ་མཐོང་དུས་ལམ་སྐྱོང་བ་ཞིག་གི་ངོས་ནས་སེམས་ལ་སྤོབས་པ་སྐྱེས་ཀྱི་འདུག”ཅེས་བསམ་གྲུབ་ཀྱིས་བཤད།
ཀན་སུའུ་ལུང་ནན་གྲོང་ཁྱེར་ལེང་ཏང་རྫོང་དུ་དབྱིན་ཝུན་ཞུའེ་དམག་ཁོངས་ནས་ཕྱིར་ལོག་རྗེས། ཟོག་འདྲེན་གྱི་ལས་ཀར་གཞོལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་མཐུད་བྱེད་ཀྱི་ཡོད།
“རླངས་འཁོར་གཏོང་ཞོར་ཡུལ་མི་སྤུན་ཟླ་ཚོར་ཅ་ལག་འཁུར་རོགས་བྱེད་ཀྱི་ཡོད”དབྱིན་ཝུན་ཞུའེ་ཡིས་ཟོག་འདྲེན་གྱི་ལས་ཀ་བྱས་ནས་ལོ་10ལྷག་ཙམ་སོང་ཞིང་། དེའི་རིང་སེམས་རྩ་འཁོལ་པོས་རོགས་རམ་དང་ནུས་ཤུགས་ཡོད་རྒུས་ལེགས་སྐྱེས་ཕུལ་ཡོད། 2022ལོར་རྫོང་དུ་ཟོག་འདྲེན་རླངས་འཁོར་ཁ་ལོ་བའི་ཕྱོགས་མིའི་ཏང་ཡོན་གྱི་ཏང་ཀྲི་པུའུ་བཙུགས་པ་མ་ཟད། “དབྱིན་ཝུན་ཞུའེ་ཏང་ཡོན་གདོང་ལེན་རླངས་འཁོར་རུ་ཁག”ཀྱང་བཙུགས་པ་རེད། “སུ་ཞིག་གི་ཁྱིམ་ལ་དཀའ་ངལ་ཡོད་ཚེ་ཚང་མས་མཉམ་དུ་རོགས་རམ་བྱེད་ཀྱི་ཡོད་ལ། གང་ཞིག་ཏུ་ཉེན་ཁ་དང་འཕྲད་ཚེ་འཕྲལ་མར་དངོས་ཟོག་ཁྱེར་ནས་ས་ཡུལ་དངོས་སུ་བསྐྱོད་ཀྱི་ཡོད” ལོ་འདི་དག་རིང་། དབྱིན་ཝུན་ཞུའེ་དང་ཁོང་གི་ལས་རོགས་ཚོས་དུས་ནམ་ཡང་རྒྱུན་འཁྱོངས་ལྷོད་མེད་བྱེད་བཞིན་ཡོད།
མཐའ་ཡས་པའི་ས་མཐོ་དང་སྔོ་ཐིང་ཐིང་གི་མཚོ་འགྲམ་དུ་ལས་གནས་བརྟན་སྲུང་བྱས་ཏེ་ལེགས་སྐྱེས་ཕུལ་བ།
“ཆུ་འོག་གི་ལས་ཀ་ཚང་མ་ཡག་པོ་བསྒྲུབས་ནས་རོགས་སྐྱོབ་ཡོད་ཚད་ཀྱི་རེ་བ་ཆུད་ཟོས་སུ་བཏང་མེད” ལས་ཀ་བྱས་ནས་ལོ་26སོང་རིང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཧྲང་ཧའེ་ཆུ་འདོན་ཅུས་ཆུ་འདོན་ལས་གྲྭའི་གྲུ་གཟིངས་རུ་ཁག་ཆུ་འཛུལ་རུ་ཁག་གི་རུ་དཔོན་ཧུའུ་ཅན་གྱི་དད་སེམས་ལ་འགྱུར་བ་རྟ་རྔ་ཙམ་ཡང་ཡོང་མྱོང་མེད།
2020ལོའི་ཟླ་8ཚེས་20ཉིན། འབར་རྒྱུ་དབྱི་ཤིན་དབན་ཏུན་3000ལྷག་ཙམ་བླུགས་པའི་གྲུ་གཟིངས་ཤིག་འབྲི་ཆུའི་མདོ་རུ་རྡུང་ཁ་ཤོར་ནས་མེ་མཆེད། ཧུའུ་ཅན་དང་རུ་མི་དྲུག་ཉེན་ཁའི་གནས་སུ་གྱར་ཡང་བཀའ་དང་ལེན་བྱས་ཏེ་གྲུ་གཟིངས་ནང་འཛུལ་ནས་ཉེན་ཡོད་རྫས་འགྱུར་དངོས་རྫས་ཐག་གཅོད་བྱས། “ཉིན་མཚན་བཞི་བསྟུད་མར་ལས་ཀ་བྱས་པ་བརྒྱུད་རྒྱ་མཚོའི་རླུང་འཚུབ་མ་སླེབས་གོང་ང་ཚོས་གོད་ཆག་བྱུང་བའི་གྲུ་གཟིངས་གྲུ་ཁར་འདྲུད་ཐུབ་བྱུང” ཧུའུ་ཅན་གྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་དེ་ནི་བློས་གཏོང་མང་པོ་བྱས་པའི་དོན་སྙིང་རེད་ཅེས་བཤད།
མི་ལ་ལས་ས་གཞི་གོམ་པས་འཇལ་བ་དང་མི་ལ་ལས་ལག་རྩལ་ལ་བརྟེན་ནས་མཆོག་ནོར་སྲུང་བཞིན་ཡོད།
90ནང་སྐྱེས་ཀྱི་གློག་ལས་ལག་རྩལ་ཆེ་མོ་བ་དང་འབྲི་ཆུའི་འགག་གསུམ་གྲུ་གཟིངས་ཤར་གཏོང་དོ་དམ་ཅུས་འབྲི་ཆུའི་འགག་གསུམ་གྲུ་འགག་དོ་དམ་ཁྲུའུ་ཉམས་གསོ་པུའི་གཙོ་གཉེར་གཞོན་པ་ཧུའུ་ཧང་གིས“རྒྱལ་ཁབ་ཆེན་པོའི་མཆོག་ནོར་ལ་སྲུང་སྐྱོང་དང་ལེ་དབར་ཁྲི་ཡི་འབྲི་ཆུའི་མཚོ་འགྲུལ་སྲུང་སྐྱེལ་བྱེད་པ”དེ་ནམ་ཡང་རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ལ་བརྩི་གི་ཡོད། “ང་དང་ལས་རོགས་ཚོས་ཚོད་ལྟ་ཡང་ཡང་བྱས་པ་བརྒྱུད། གྲུ་འགག་བཟོ་ལས་ཀྱི་ཚོད་འཛིན་མ་ལག་བདེ་བླག་ངང་གསར་སྒྱུར་དང་སྒྱུར་བཀོད་ཐུབ་བྱུང” ཧུའུ་ཧང་གིས་2025ལོར་འབྲི་ཆུའི་འགག་གསུམ་གྲུ་འགག་ནས་དངོས་ཟོག་ཏུན་དུང་ཕྱུར་1.7སྐྱེལ་འདྲེན་བྱས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་ཅེས་ངོ་སྤྲོད་བྱས།
ཁྲང་ཁྲུན་གྲངས་འཛིན་ཚན་རྩལ་ལས་རིགས་སློབ་གླིང་གི་ལོ་20ལ་སླེབས་པའི་སློབ་མ་ཧོ་ཞའོ་མན་དངོས་སྦྱོང་ཀྱི་ལས་སྟེགས་ནས་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོའི་བྱ་དགའ་མཐོ་ཤོས་ཀྱི་སྟེགས་བུར་འཛེགས་ཤིང་། འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་ཞེ་བརྒྱད་པར་ཁོང་གིས་ཨར་པོ་ཐེ·ཝེ་ཏ་བྱ་དགའ་ཆེན་པོ་བླངས། “རྩལ་ནུས་ཀྱིས་ངའི་མི་ཚེར་འགྱུར་ལྡོག་བཏང་བྱུང་།རྩལ་ནུས་ཤེས་ལྡན་པ་ནི་ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ལས་རིགས་སློབ་གསོས་ཀྱང་ངོ་མཚར་ཆེ་བའི་མི་ཚེ་ཞིག་གཏོད་ཐུབ་བྱུང”ཞེས་ཧོ་ཞའོ་མན་གྱིས་མཉམ་སྤྱོད་བྱས།
ད་ཆ་འཐུས་མི་ལྔ་པོར་རང་རང་སོ་སོའི་དམིགས་ཚད་གསར་པ་རེ་ཡོད་པ་སྟེ།
བསམ་གྲུབ་ཀྱིས་ས་མཐོར་གཞིས་ཚུགས་ནས་ལས་རོགས་དང་མཉམ་དུ“བདག་སྐྱོང་ལག་རྩལ་གསར་པ་ལེགས་སུ་བཏང་ནས་འཕྲུལ་ཆས་ཅན་དང་ཞིབ་ཚགས་ཅན་གྱི་བདག་སྐྱོང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་འདོད”བྱེད་པ་དང་། ཧུའུ་ཅན་གྱིས“ཚོགས་པའི་སྣེ་ཁྲིད་དེ་སྨི་500ཡི་ཚད་ལོངས་པའི་ཆུ་འཛུལ་རྒྱ་མཚོའི་ཚོད་ལྟའི་ལས་འགན་ལེགས་སྒྲུབ་བྱེད་འདོད་པ” ཧོ་ཞའོ་མན་གྱི་བསམ་འདུན་ནི“རྩལ་ནུས་ཤེས་ལྡན་པར་འགྱུར་བའི”རྒྱུག་མཐུད་དབྱུག་པ་བརྒྱུད་སྤྲོད་བྱས་ནས“བདམས་ཐོན་པ་ཞིག་ནས་རྩལ་ཁྲིད་པ་ཞིག་ལ་འགྱུར་བར་བྱས་ཏེ་ལག་རྩལ་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱ་རྒྱུ”དེ་རེད། དབྱིན་ཝུན་ཞུའེ་ཡིས“དུས་ཚོད་དམ་འཛིན་གྱིས་བརྙན་ཐུང་མང་ཙམ་བཟོས་ཏེ་ཕ་ཡུལ་གྱི་ཞིང་ལས་ཐོན་རྫས་དྲིལ་བསྒྲགས་མང་ཙམ་བྱས་ནས། ཡུལ་མི་ཚོའི་ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་དང་ཡོང་འབབ་མང་དུ་གཏོང་རོགས”བྱེད་རྩིས་ཡོད་པ་དང་། འབྲི་ཆུའི་འགག་གསུམ་གྱི་ཆུ་ཐོག་སྐྱེལ་འདྲེན་བགྲོད་ལམ་གསར་པའི་ལས་གྲྭ་སྐྲུན་འགོ་ཚུགས་ཤིང་། ཧུའུ་ཧང་གིས་ཁྱབ་གདལ་གཏོང་ཆོག་པའི‘འབྲི་ཆུའི་འགག་གསུམ་ཇུས་གཞི’བཟོས་ནས་སླད་ཕྱིན་བགྲོད་ལམ་གསར་པའི་ཏུན་ཁྲི་རིམ་པའི་གྲུ་འགག་གི་སྐྱེལ་འདྲེན་སྲུང་སྐྱོང་ལ་དགེ་མཚན་ལྡན་པའི་དཔྱད་གཞི་མཁོ་འདོན་བྱེད་རྩིས་ཡོད་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་མདུན་སྐྱོད་བྱས་ནས། དེང་རབས་ཅན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གང་མགྱོགས་འཐུས་ཚང་དུ་གཏོང་རྒྱུ་དང་གཞི་རྩའི་ཆ་ནས་ཆགས་པའི་དམིགས་ཚད་ཁ་གསལ། མུ་མཐུད་འབད་འཐབ་དང་། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་ཐུབ་པ་བཅས་བྱས་ཚེ། “མི་སྣ་འགྲོ་སྐྱོད་སྟབས་བདེ་ཞིང་དངོས་ཟོག་དབོར་བར་འགོག་རྐྱེན་མེད་པའི”འདུན་པ་བཟང་པོ་མགྱོགས་མྱུར་མངོན་འགྱུར་ཐུབ་ངེས་རེད།
འབྲེལ་ཡོད་གསར་འགྱུར།